འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱིན་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་
    འབྱུང་འགྱུར་འཕེལ་རྒྱས་ལ་ལྟ་སྟངས་ལེགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ཉིན་ནས་ཟླ་2ཚེས་2ཉིན་བར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མེ་ཡིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བ་དང་འབྲེལ་རེས་སྐོར་གསར་པའི་ཀྲུང་དབྱིན་ཙུང་ལིའི་ལོ་འཁོར་མཇལ་འཛོམས་ལ་ཞུགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལེ་ཧྲ·མེ་དང་མཇལ་འཛོམས་གནང་སྐབས་ཀྲུང་དབྱིན་ཕྱོགས་གཉིས་པོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་ཀྱི་དུས་མཚམས་དང་མཉམ་ལས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱིན་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་ཐུན་མོང་ཐོག“རྫོགས་ལྡན་དུས་རབས”ཀྱི་རྣམ་པ་གསར་པ་བཏོད་ཡོད་ཅེས་ནན་བཤད་གནང་ཡོད། དབྱིན་ཇིའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་དོན་དེར་ཚད་མཐོའི་གདེང་འཇོག་བྱས་པ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
         ཅན་ཆའོ་སློབ་ཆེན་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཞིབ་འཇུག་པ་བསླབ་པ་རྒན་གྲས་མཱ་ཏིང·ཡཱ་ཁེ་ཡིས་དབྱིན་ཇིར“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”འགྲན་སློང་ཆེན་པོ་འཕྲད་པའི་སྐབས་དེར་ཐེ་ལེ་ཧྲ·མེས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་པའི་དོན་དེར་མཐོང་ཧ་ཅང་ཆེན་པོ་བྱས་ཡོད། གང་ཡིན་ཞེ་ན། ཀྲུང་གོ་དང་མཉམ་ལས་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་དང་ལྷག་པར་དུ་དཔལ་འབྱོར་ཚོང་དོན་གྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་ནི“གོ་ལ་ཧྲིལ་པོ་ཅན་གྱི་དབྱིན་ཇི”མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་ཆེ་ལ་མེད་ན་འགྲིག་ཐབས་མེད་པའི་གོམ་སྟབས་ཤིག་རེད་ཅེས་བཤད།
         ཉིའུ་ཅིན་སློབ་ཆེན་རྒྱལ་སྤྱིའི་འཕེལ་རྒྱས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་པོ་ཤའོ་ཧྥང་གིས་དབྱིན་ཀྲུང་འབྲེལ་བའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་དབྱིན་ཀྲུང་འབྲེལ་བའི“རྫོགས་ལྡན་དུས་རབས”ཀྱི་རྣམ་པ་ཟབ་མོར་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་དེར་འཐབ་ཇུས་ཀྱི་མཐོ་ཚད་ལྡན་པ་མ་ཟད། དངོས་ཡོད་བཀོལ་སྤྱོད་ཀྱི་རྣམ་པ་ཡང་ལྡན་ཡོད་པས་སླད་ཕྱིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད་ཅེས་བཤད།
         དབྱིན་ཇིའི་ཚོགས་པ་48ཀྱི་སྤྲོ་སྐྱིད་ཁང་གི་ཀྲུའུ་ཞི་གཞོན་པ་ཅི་སི·པེ་ནཱ་ཐེས་དབྱིན་ཀྲུང་རྒྱལ་ཁབ་གཉིས་ལ་དཔལ་འབྱོར་ཐད་ཚད་མཐོའི་གསབ་རེས་ཀྱི་རྣམ་པ་ལྡན་པ་མ་ཟད། རང་ངོས་ཀྱི་ལེགས་ཆ་དེ་ཕྱོགས་གསུམ་པའི་ཁྲོམ་རའི་ཐོག་ཕན་ཚུན་ཟུང་འབྲེལ་བྱེད་ཆོག་པས་གོ་ལའི་མཉམ་ལས་རོགས་ཟླ་དངོས་འབྲེལ་དུ་འགྱུར་བཟོ་ཡོད་ཅེས་བཤད།
         པེ་ཅིན་ཧན་སློབ་ཆེན་བདེ་འཇགས་དང་གསང་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨན་ཏུང་ཉི·ཀེ་ལི་སིས“རྫོགས་ལྡན་དུས་རབས”སུ་སླེབས་རྗེས་དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀྱི་དབར་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཚན་རྩལ་སོགས་ཁྱབ་ཁོངས་ཁག་དབར་གྱི་སྤེལ་རེས་ནི་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་ལ་ཤུགས་སྣོན་རྒྱག་པའི་གོམ་སྟབས་གལ་ཆེན་ཞིག་རེད། དེ་ལྟ་བུའི་ཕན་ཚུན་ཡིད་ཆེས་དེ་འཕེལ་རྒྱས་མྱུར་པོ་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གང་ཡིན་ཞེ་ན། ཡིད་ཆེས་མེད་ན་མཉམ་ལས་དངོས་འབྲེལ་བྱེད་མི་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།