འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མི་གྲངས་ཉུང་ཤོས་ཤང་གི་གློག་མེད་པའི་དུས་རབས་མཇུག་རྫོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཡུལ་སྨད་ཤང་གི་གློག་གནོན་སྒྱུར་ཆས་གསར་པའི་ཁ་མཐུད་པར་བྱེད་པ།
    ཡུལ་སྨད་ཤང་གི་གློག་གནོན་སྒྱུར་ཆས་གསར་པའི་ཁ་མཐུད་པར་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན་གྱི་ས་སྲིབ་དུས། བོད་ལྗོངས་ཀྱི་ལྷོ་རྒྱུད་ན་ཡོད་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་དུ། པ་སངས་སྒྲོལ་དཀར་དང་གཅུང་མོ་གཉིས་ཀྱིས་ཁྱིམ་དུ"ཉར་ཚགས"ཡུན་རིང་བྱས་པའི་བརྙན་འཕྲིན་འཕྲུལ་ཆས་ཕྱིར་བཏོན་ནས་གློག་སྐུད་ལྷུ་ལག་སོགས་བསྒྲིགས་རྗེས། ཁྱིམ་མི་ཚང་མས་མཉམ་དུ་གྲོང་ཚོ་མདའ་རུ་སྒྲིག་སྦྱོར་བྱས་པའི་གློག་གནོན་སྒྱུར་ཆས་གསར་པའི་ཁ་མཐུད་པར་རེ་སྒུག་བྱེད་བཞིན་ཡོད་པ་རེད།
         བརྙན་འཕྲིན་འཕྲུལ་ཆས་ལ་བརྙན་འཕྲིན་འཆར་བའི་སྐབས། པ་སངས་སྒྲོལ་དཀར་དང་གཅུང་མོ་གཉིས་བཟོད་ཐབས་བྲལ་བར་དགའ་འབོད་བྱེད་པ་དང་། ཨ་ཕ་ལགས་ནི་ཡར་ལངས་ཏེ་ཅོག་ཙེ་ཐོག་གི་སྒྲོན་མེ་རྙིང་པ་དེ་བསྡུ་གསོག་བྱས་པ་རེད། ལོ་ལྔ་བཅུ་ལྷག་ལ་སོན་པའི་པ་སངས་ལགས་ལ་ཚོར་སྣང་ཟབ་པོ་ཞིག་སྐྱེ་བའི་སྒོ་ནས"རྗེས་སུ་སྒྲོན་མེ་འདི་བཀོལ་དགོས་མ་རེད"ཅེས་བརྗོད་པ་རེད།
         མཚན་མོ་འདིར། དུད་ཁྱིམ་དགུ་དང་མི་གྲངས་32ལས་མེད་པའི་ཀྲུང་གོའི་མི་གྲངས་ཉུང་ཤོས་ཀྱི་སྲིད་འཛིན་ཤང་དུ་གློག་འོད་གསལ་ལེར་ཁྱབ་ཡོད་པ་རེད། ཡུལ་སྨད་ཤང་དུ་རྒྱལ་ཁབ་ཀྱི་གློག་དྲ་ཆེན་པོའི་བདེ་འཇགས་བརྟན་པོའི་གློག་ཤུགས་ཐེངས་དང་པོ་སྤྱོད་ཐུབ་པས། དུས་ཡུན་རིང་པོར་གློག་ཤུགས་སྟོང་ཝ་125ལས་མེད་པའི་ཆུ་གློག་ས་ཚིགས་ཆུང་ངུ་ཞིག་གི་གློག་མཁོ་འདོན་བྱེད་པར་བརྟེན་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།
         2009ལོར། ཡུལ་སྨད་དུ་གློག་ཤུགས་སྟོང་ཝ་125ལས་འདོན་མི་ཐུབ་པའི་ཆུ་གློག་ས་ཚིགས་ཆུང་ངུ་ཞིག་བཙུགས་ཏེ་བཀོལ་སྤྱོད་བྱས་པ་དང་། ཡུལ་སྨད་ཀྱི་མང་ཚོགས་ཀྱིས་གློག་མེད་པའི་དུས་རབས་མཇུག་རྫོགས་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད། དབྱར་དུས་སུ་གློག་འདོན་ཐུབ་པ་ཅུང་ལེགས་ན་ཡང་། དགུན་དུས་སླེབས་རྗེས། ཆུ་གློག་ས་ཚིགས་དེར་ཆུ་ཆུང་བའི་དུས་དར་ཆགས་པའི་དབང་གིས། རྟག་ཏུ་གློག་འདོན་མི་ཐུབ་པས། གློག་ཆད་པ་ནི་རྒྱུན་དུ་བྱུང་བ་རེད།
         ཡུལ་སྨད་ཤང་གི་འགོ་འཛིན་གཞོན་པ་ཧྲང་ལིན་ཅ་ཡིས"གནམ་གཤིས་ཡག་པོ་མེད་པའི་སྐབས། དགུང་མོ་ནས་ཕྱི་ཉིན་གྱི་ཉིན་གུང་བར་དུ་གློག་སྤུ་ཙམ་ཡང་འདོན་མི་ཐུབ་པ་རེད། རྒྱུན་དུ་གློག་ཆད་པ་མ་ཟད། མཚམས་རེར་ཉིན་ཁ་ཤས་དང་ཟླ་བ་ཁ་ཤས་ལ་གློག་ཆད་ཀྱི་ཡོད"ཅེས་བརྗོད་པ་རེད།
         ལོ་22སོན་པའི་པ་སངས་སྒྲོལ་དཀར་གྱིས"རྟག་ཏུ་གློག་ཆད་སྟབས། བརྙན་འཕྲིན་འཕྲུལ་ཆས་དང་། གོས་ཁྲུས་འཕྲུལ་ཆས། འཁྱག་སྒམ་སོགས་ཐེངས་མང་པོ་བརླག་མྱོང་། དགུན་དུས། གློག་ཆས་ཆེ་གྲས་དེ་དག་རྩ་བ་ནས་བཀོལ་སྤྱོད་བྱེད་མི་ཕོད། གནམ་གཤིས་ཇི་ཙམ་གྲང་ན་ཡང་ཨ་མས་ད་དུང་ལག་པས་གོས་འཁྲུད་ཀྱི་ཡོད"ཅེས་བརྗོད་པ་རེད། གློག་ཡང་ཡང་ཆད་པས། ཁྱིམ་གྱི་འཁྱག་སྒམ་ཐེངས་གསུམ་ལ་ཆག་པ་དང་། གོས་ཁྲུལ་འཕྲུལ་ཆས་ཀྱང་ཐེངས་གཉིས་ལ་ཆག་མྱོང་བ་རེད།
         ན་ནིང་གི་ལོ་གསར་སྔ་གཞུག་ཏུ། ཆུ་གློག་ས་ཚིགས་ཀྱི་གློག་འདོན་འཕྲུལ་འཁོར་ལ་སྐྱོན་ཤོར་བ་དང་། བཟོ་བཅོས་བྱེད་རྒྱུའི་ལྷུ་ལག་ནི་རྒྱང་རིང་གི་སི་ཁྲོན་ཁྲེང་ཏུའུ་ནས་ཉོ་དགོས་པས། ཡུལ་སྨད་ཤང་དུ་གློག་ཆད་ཆད་མཐུད་མཐུད་ཟླ་བ་གཉིས་རིང་བྱུང་བ་དང་། གློག་ཆད་པ་རིང་ཤོས་ལ་གཟའ་འཁོར་གཅིག་ལྷག་ཙམ་འགོར་བ་རེད། ཁྱིམ་དུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་ཡོད་པའི་ཨ་ཅེ་ལྷ་སྐྱིད་ལགས་ཀྱིས"བོད་ཀྱི་ལོ་གསར་གནམ་གང་གི་ནུབ་མོར་དགུ་ཐུག་འཐུང་དུས། སྔོན་མར་གློག་ཐབ་སྤྱད་དེ་དགུ་ཐུག་སྐོལ་གྱི་ཡོད་ན་ཡང་། སྐབས་དེར་གློག་ཆད་སྟབས། འབུད་ཤིང་བསྲེགས་ནས་སྐོལ་པ་ཡིན"ཞེས་བརྗོད་པ་རེད།
         ལྷ་སྐྱིད་ལགས་ལ་དགའ་སྤྲོ་འཁོལ་བའི་འཛུམ་མདངས་ཕྱུང་ནས"ད་ལྟ་ཡག་པོ་བྱུང་ཡོད། ད་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ཁྱིམ་ནས་སེམས་བདེ་ངང་བལྟས་ཆོག་པ་རེད། འཁྱག་སྒམ་ཆེན་པོ་དེ་ཡང་སྒྲིག་ཆས་ཙམ་མིན་པར་གྱུར་པ་དང་། དབྱར་དུས་ཤར་སྐབས། བྱིས་པ་ཚོས་གྲོང་ཚོའི་ནང་དུ་འཁྱགས་པ་བྱི་རིལ་བཟས་ཆོག"ཅེས་བརྗོད་པ་རེད།
         ཡུལ་སྨད་ཤང་ནི་རྒྱང་རིང་ལུང་ཁུག་ཏུ་ཆགས་ཡོད་ལ། འགྲིམ་འགྲུལ་སྟབས་བདེ་མིན་པས། གློག་དྲ་འཛུགས་སྐྲུན་ལས་གཞིར་དཀའ་ལས་ཧ་ཅང་ཆེན་པོ་བྱུང་བ་རེད། རྒྱལ་ཁབ་གློག་དྲའི་ལྷོ་ཁའི་གློག་འདོན་ཀུང་སིའི་སྤྱི་གཉེར་པ་ཅང་ཧའོ་རན་གྱིས"ལས་ཀ་བྱ་ཡུལ་གྱི་ས་བབ་ཆ་སྙོམས་མཐོ་ཚད་སྨི་4500ཡོད་པ་དང་། ས་བབ་མཐོ་ཤོས་སུ་སྨི་5100ཟིན་པ་རེད། ལས་ཀ་བྱ་ཡུལ་མང་པོ་ནི་འགྲོ་ལམ་གཏན་ནས་མེད་པའི་རི་ཁུག་ལུང་གསེབ་ཏུ་རེད"ཅེས་བརྗོད་པ་རེད།
         2018ལོར། ཡུལ་སྨད་ཤང་དུ་ད་དུང་གསར་དུ་གནས་སྤོའི་དུད་ཁྱིམ་47ཡོང་རྒྱུ་རེད། ཧྲང་ལིན་ཅ་ཡིས"སྐབས་དེ་དུས་ཤང་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་197ཟིན་རྒྱུ་ཡིན་པ་དང་། གློག་བརྟན་པོ་ཡོད་པ་ཡིན་ན། སློབ་གྲྭ་དང་འཕྲོད་བསྟེན་ཁང་། གསང་སྤྱོད་ཁང་སོགས་འཛུགས་སྐྲུན་བྱས་ཆོག་པས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་ཚང་མར་སྣང་དག་མེད་པར་གྱུར"ཅེས་དགའ་སྤྲོས་ཁེངས་པའི་ངང་བརྗོད་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། ད་ལྟ་བོད་ལྗོངས་ཀྱི་མཐའ་མཚམས་གྲོང་ཚོ་60%ལ་གློག་དྲ་གཙོ་བོ་ཡིས་ཁེབས་ཡོད་པ་དང་། 2020ལོར་སླེབས་དུས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ཡིས་བོད་ལྗོངས་སུ་མཐའ་མཚམས་གྲོང་ཚོ་600ལས་བརྒལ་བར་གློག་གིས་ཡོངས་སུ་ཁེབས་པ་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།
    གློག་འདོན་ཐུབ་པའི་གཏམ་བཟང་ཐོས་རྗེས་ཀྱི་ཨ་ཅེ་ལྷ་སྐྱིད་ལགས།
    གློག་འདོན་ཐུབ་པའི་གཏམ་བཟང་ཐོས་རྗེས་ཀྱི་ཨ་ཅེ་ལྷ་སྐྱིད་ལགས།
      

    ཕྱོགས་བསྡུས་གསར་འགྱུར།