འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་གད་སྙིགས་རང་རྒྱལ་དུ་ཁྱབ་རྒྱུ་བཀག་འགོག་བྱ་རྒྱུ་ནི་སྣོད་བཅུད་ཤེས་དཔལ་འཛུགས་
    སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་སྲ་གཟུགས་སྙིགས་རྫས་ནང་འདྲེན་ཚོད་འཛིན་དང་བཀག་འགོག་བྱ་རྒྱུ་ནི་ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲ་གཟུགས་སྙིགས་རྫས་ནང་འདྲེན་བྱེད་པའི་དོ་དམ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྲ་གཟུགས་སྙིགས་རྫས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའི་ལག་བསྟར་ཀྲུའུ་རེན་ཨའེ་ལི་ཁེ·སུའོ་འར་ཧའེ་མུའུ་ཡིས་ཉེ་ཆར་ཀྲུང་གོས་འགྱིག་རྫས་ཀྱི“ཕྱི་རྒྱལ་གྱི་གད་སྙིགས”ནང་འདྲེན་བྱ་རྒྱུར་རྡུང་རྡེག་བཏང་བ་དེ་འབྱོར་ལྡན་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་བརྡ་རྟགས་བཏང་བ་ཞིག་ཡིན་ངེས་རེད། འགྱིག་གི་འཇིབ་སྦུག་སོགས་དགོས་པ་མེད་པའི་ཐོན་རྫས་ཚུར་བསྡུ་དང་ཉུང་གཏོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ལ་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཀེང་ཧྲོང་གིས་སྲ་གཟུགས་སྙིགས་རྫས་གཙང་སེལ་བྱ་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་འཕྲད་པའི་ཐུན་མོང་གི་ཁོར་ཡུག་གི་གནད་དོན་ཞིག་རེད། སྲ་གཟུགས་སྙིགས་རྫས་ནང་འདྲེན་ཚོད་འཛིན་དང་བཀག་འགོག་བྱ་རྒྱུ་དེ་ཡང་ཕྱི་རྒྱལ་གྱི་གད་སྙིགས་རང་རྒྱལ་དུ་ཁྱབ་རྒྱུ་བཀག་འགོག་བྱེད་པ་ཞིག་ཀྱང་ཡིན་པ་དེ་ནི་ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། དེས་སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།
         ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས“མཛེས་སྡུག་ལྡན་པའི་ཀྲུང་གོ”འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞིགས་ནས་རྒྱུན་མཐུད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ཧུར་ཐག་བྱེད་པ་དང་སྲ་གཟུགས་སྙིགས་རྫས་ནང་འདྲེན་དོ་དམ་ལམ་ལུགས་སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཕྱི་རྒྱལ་གྱི་གད་སྙིགས་ལྐོག་འདྲེན་ལ་རྡུང་རྡེག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྲ་གཟུགས་སྙིགས་རྫས་གཙང་སེལ་དང་སྙིགས་རྫས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་མཁན་ལ་རྡུང་རྡེག་གཏོང་རྒྱུའི་ཐད་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཡང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།