འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ནས་ཤེས་རྟོགས་བྱུང་གསལ་དུ། 2017ལོར། གཞིས་རྩེ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཁག་ཁྱོན་བསྡོམས་504ལག་བསྟར་བྱས་ནས། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་རིམ་པར་བསགས་ན་སྤྱི་ལེ་ཁྲི་1.7ཟིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། གཞིས་རྩེ་གྲོང་ཁྱེར་གྱིས་ འགྲིམ་འགྲུལ་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཁག་ཁྱོན་བསྡོམས་504ལག་བསྟར་བྱས་པ་དང་། འཛུགས་སྐྲུན་ལམ་ཚད་སྤྱི་ལེ་7159ཟིན་པ། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་268.9ཟིན་པ། དངུལ་འཇོག་མ་དངུལ་སྒོར་དུང་ཕྱུར་95.3ལེགས་གྲུབ་བྱུང་བ། ལོ་འགོར་དམིགས་ཚད་གཤམ་སྤྲོད་ལས་འགན་གྱི་ལྡབ་1.6བཅས་ཟིན་པ་རེད། དེའི་ནང་དུ། 2017ལོའི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་འཆར་གཞི་དང་དབུལ་གྲོལ་རྫོང་གྱི་འགྲིམ་འགྲུལ་ཆེད་དམིགས་ཀྱི་དབུལ་སྐྱོར་རྣམ་གྲངས་ཁག་དང་པོ་དང་ཁག་གཉིས་པའི་མ་དངུལ་སྒོར་དུང་ཕྱུར་91.7གྱིས་བོད་ལྗོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
         གཞུང་ལམ་སྐྱེལ་འདྲེན་གྱི་ཐད། 2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་གྲངས་ཁྲི་168.8ཟིན་པ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་38276ཟིན་པ། གཞུང་ལམ་ཐོག་དངོས་ཟོག་དབོར་ཚད་ཏུན་373.5ཟིན་པ། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་ཏུན་168781བཅས་ཟིན་ཡོད་པ་རེད། གཞིས་རྩེ་གྲོང་ཁྱེར་ཀྱི་ཚོང་གཉེར་རང་བཞིན་ལྡན་པའི་འགྲུལ་པ་སྐྱེལ་འདྲེན་རླངས་འཁོར་380ཡོད་པ་དང་། ཟོག་འདྲེན་རླངས་འཁོར་11766ཡོད། སྐྱེལ་འདྲེན་ལས་རིགས་ཀྱི་ལག་ཁྱེར་ཡོད་པ་མི་ཁྲི་1.67ཟིན་པ། སྲིད་འཛིན་གྲོང་ཚོའི་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་ཚད་65%ཟིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ། གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། 2018ལོའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་དམིགས་ཚད་དང་ཟུང་འབྲེལ་བྱས་ཏེ།  དུས་འགོའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་དང་རྣམ་གྲངས་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞིས་རྩེ་གྲོང་ཁྱེར་ལ་ཆ་རྐྱེན་ཆ་ཚང་འཛོམས་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོར་སྣུམ་སྙིགས་(ཨར་འདམ་)ལམ་བསྐྲུན་ཐུབ་པར་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།