འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་སྒྱུར་བཅོས་ཀྱི་ལས་འགན་ཕྱོགས་
    ཡོངས་ནས་ལེགས་གྲུབ་ཟིན་ཏེ་ཚོད་ལྟའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་སྒྱུར་བཅོས་ཀྱི་ལས་འགན་ཉེ་དུས་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་ཚོད་ལྟའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཤིང་། 2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ་དང་། 2035ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་ཁུལ་དུ་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་སྤྱི་གླིང་བསྐྲུན་ཏེ་རང་རྒྱལ་དང་ཐ་ན་འཛམ་གླིང་གི་ཁོར་ཡུག་སློབ་གསོའི་རྟེན་གཞི་གལ་ཆེན་དུ་འགྱུར་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་ཁུངས་ཁུལ་ཡིན་པ་དང་སྣོད་བཅུད་ཀྱི་གནས་བབ་གལ་འགངས་ཆེ་ཞིང་། 2016ལོའི་ཟླ་བ་དྲུག་པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནས་དང་པོ་དེ་ས་ཁོངས་དེའི་ཐོག་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཤའོ་ནན་གྱིས་ལོ་གཅིག་ལྷག་ཙམ་སྒྱུར་བཅོས་འཚོལ་ཞིབ་བྱས་པ་བརྒྱུད། ཚོད་ལྟ་དེས“ཅིའུ་ལུང་ཆུ་བཅོས”དང་སྣེ་མང་དོ་དམ་གྱི་སྣོད་བཅུད་སྲུང་སྐྱོང་དོ་དམ་གྱི་རྣམ་པ་ལས་སྒྲོལ་ཏེ་འབྲེལ་ཡོད་བཅའ་ཁྲིམས་སྲིད་ཇུས་མ་ལག་དང་། ཚད་གཞིའི་མ་ལག འཆར་འགོད་དོ་དམ་མ་ལག་བཅས་རིམ་གྱིས་བཙུགས་པ་དང་འབྲེལ་ཚོད་ལྟའི་ཁུལ་དུ་རང་བྱུང་ཐོན་ཁུངས་ལ་མ་དངུལ་ཇི་ཙམ་གཏོང་དགོས་པ་རིམ་གྱིས་མཐིལ་རྟོགས་ཐུབ་པ་བྱུང་ཡོད་ཅེས་བརྗོད་བྱུང་།
         ལི་ཤའོ་ནན་གྱིས་ཟླ་1ཚེས་17ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དྲ་ཚིགས་ཐོག་ཕྱི་ཕྱོགས་ལ་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་》ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་འཕེལ་རྒྱས་འཛུགས་སྐྲུན་གྱི་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད། འཆར་འགོད་གཞིར་བཟུང་ཚོད་ལྟའི་ལས་དོན་ནང་སླད་ཕྱིན་གྱི་ལོ་གཉིས་ནང་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཚོད་ལྟའི་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཐད་སྲིད་བཀའ་ཐོན་ས་མང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྨང་གཞི་ཞན་པ། སྣེ་མང་འཆར་འགོད་སྤྱི་འདོམས་དཀའ་བ་སོགས་ཀྱི་དཀའ་གནད་ལས་སྒྲོལ་ཏེ་2020ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་མཉམ་སྐྲུན་མཉམ་སྤྱོད་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་སྔོན་སྐྱོད་ཁུལ་ཞིག་རྩ་བའི་ཆ་ནས་བསྐྲུན་རྒྱུ་རེད་ཅེས་བརྗོད་བྱུང་།
         འཆར་འགོད་གཞིར་བཟུང་2015ལོ་རྨང་གཞིའི་གཞི་གྲངས་ལོར་བརྩིས་ནས་2020ལོར་སླེབས་སྐབས་ཚོད་ལྟའི་གནས་ཀྱི་མཐོ་གྲང་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆའི་གནས་2ནས་3བར་མང་དུ་འགྲོ་རྒྱུ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་20%འཕར་རྒྱུ། ཐང་རྒོད་དང་བྱེ་སའི་རྒྱ་ཁྱོན་ཆེ་རུ་མི་འགྲོ་བ་སྔོན་འགོག་བྱ་རྒྱུ་བཅས་རེད། 2020ལོར་སླེབས་སྐབས་ཚོད་ལྟའི་ཁུལ་ནང་གི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་ཐུབ་ཚད་100%ཟིན་རྒྱུ་དང་གླིང་ཁུལ་འབྲོག་པའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་10500ཟིན་རྒྱུ་མ་ཟད། གླིང་ཁུལ་གྱི་མི་འབོར་ཡང་ཉུང་དུ་འགྲོ་རྒྱུ་རེད།
         ལི་ཤའོ་ནན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྗེས་ཀྱི་ལོ་བཅུའི་ནང་གཙང་གསུམ་ཆུ་འགོའི་ས་ཁུལ་གྱིས་སྔར་བས་སྒྱུར་བཅོས་ལ་སྣེ་ཁྲིད་དང་གསར་གཏོད་འཚོལ་ཞིབ་བྱ་རྒྱུ་རེད། 2035ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་དུས་ཡུན་རིང་བའི་དམིགས་ཚད་ཕྱོགས་ཡོངས་ནས་གྲུབ་སྟེ་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་མ་ལག་ཆ་ཚང་སྲུང་སྐྱོང་ཐུབ་རྒྱུ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་དང་། ཚད་གཞི། སྒྲིག་གཞི་འཁོར་སྐྱོད། ཚན་རྩལ་འདེགས་སྐྱོར་སོགས་ཀྱི་འབྲེལ་ཡོད་མ་ལག་བཙུགས་ཏེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཁག་ནང་སྣོད་བཅུད་སྲུང་སྐྱོང་དང་སྒྲིག་སྲོལ་གསར་གཏོད་ཀྱི་དཔེ་མཚོན་ལ་འགྱུར་རྒྱུ་རེད་ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།