འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་དྲ་ཐོག་ཚོང་དོན་གསོ་སྦྱོང་ལ་བརྟེན་ནས་བུད་མེད་ཚོ་དབུལ་སྒྲོལ་ཐུབ་རྒྱུར་རོགས་
    རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བུད་མེད་དབུལ་སྒྲོལ་གྱི་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས། ལོ་30ལ་སླེབས་པའི་སྦྲུམ་མ་བསོད་སྒྲོན་གྱིས་ཕ་ཡུལ་ལྷོ་ཁའི་གཅེན་གཅུང་ཚོར་དྲ་ཐོག་ཚོང་ཁང་ཞིག་གཉེར་ཏེ་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་སྣམ་བུའི་ཕྱུ་པ་འཚོང་དགོས་བསམ།
         བསོད་སྒྲོན་གྱིས“གྲོང་ཚོའི་ཕོ་གཞོན་ཚང་མ་ཕྱིར་ལས་ཀ་བྱེད་པར་བསྐྱོད་པས་ཁྱིམ་འཛིན་མ་ཚོར་ཡོང་འབབ་མང་པོ་མེད”ཅེས་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བུད་མེད་དབུལ་སྒྲོལ་གྱི་དྲ་ཐོག་ཚོང་དོན་གྱི་དུས་ཐེངས་གསུམ་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་མཇུག་འགྲིལ་རྗེས་གསར་འགོད་པར་དེ་ལྟར་བཤད་ཅིང་། གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས་ཁོ་མོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་འགྲུབ་པར་ཐག་ཉེ་རུ་ཕྱིན་པའི་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།
         “ས་ཁུལ་དབུལ་པོ་མང་པོའི་བུད་མེད་ཚོས་མཉམ་ལས་ཁང་བཙུགས་མོད། འོན་ཀྱང་ས་ཐག་རིང་བས་ཐོན་ཟོག་བྲིན་ཁ་རྒྱུག་པོ་མེད་ལ་དབུལ་སྒྲོལ་ཡང་བྱེད་ཁག་པོ་ཡོད། ང་ཚོས་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་འཚོ་བར་དཀའ་ངལ་ཡོད་པའི་བུད་མེད་ཚོའི་ལྟ་སྟངས་བསྒྱུར་ནས་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ཁྲང་ཐིང་གིས་བཤད།
         གསོ་སྦྱོང་འཛིན་གྲྭའི་གཉེར་འགན་འཁུར་མཁན་བོད་ལྗོངས་སྒུལ་ཤུགས་གཞོན་ནུའི་མངོན་འགྱུར་བའི་སློབ་གླིང་གི་འགན་འཁུར་བ་ཤོའེ་ཧུང་གིས་གསོ་སྦྱོང་ནང་མ་ཞུགས་གོང་སློབ་མ་མང་པོས་སྐད་འཕྲིན་དང་དྲ་ཚུགས་ལ་བརྟེན་ནས་ཉེ་འགྲམ་གྱི་ཡུལ་ཟོག་གམ་ཡང་ན་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་ཟོག་བྲིན་འཚོང་བྱས་མོད། འོན་ཀྱང་འབྲེལ་ཡོད་ཀྱི་རྩལ་ནུས་ཤེས་ཀྱི་མེད། དེས་ན་གསོ་སྦྱོང་ནང་དོན་དངོས་ཀྱི་བཀོལ་སྤྱོད་ཉམས་མྱོང་སློབ་ཁྲིད་བྱ་རྒྱུ་གཙོ་བོར་བྱས་ནས་སྤུས་རྟགས་བྲིན་འཚོང་དང་། རང་གཉེར་ཐོན་ཟོག་དང་ཐོན་དབང་སྲུང་སྐྱོང་། མ་དངུལ་བེད་སྤྱོད། ཉེན་ཁ་བརྡར་གཅོད་སོགས་ཚུད་ཡོད།
         གསོ་སྦྱོང་འཛིན་གྲྭའི་སློབ་མས་གསོ་སྦྱོང་བརྒྱུད་དེ་དྲ་ཐོག་ཚོང་དོན་གྱི་ཕན་པ་རགས་ཙམ་ཚོར་ཐུབ་ཡོད་པ་དང་། བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་བུད་མེད་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་2017ལོའི་ཟླ་བ་དྲུག་པར་ཤར་གཏོང་ཐུབ་པ་དང་། ཁག་དང་པོའི་བཅའ་བཞུགས་བྱས་པའི་ཁེ་ལས་བཅུ་བཞི་ཚང་མར་གོང་གི་དུས་ཐེངས་གཉིས་ཀྱི་སློབ་མས་གཉེར་སྐྱོང་ནང་ཞུགས་ཤིང་། ན་ནིང་གི་ཟླ་11པའི་ཟླ་མཇུག་བར་གཉེར་སྐྱོང་མ་དངུལ་སྒོར་ཁྲི་12ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།