འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ལས་རིགས་ཁག་གིས་ཀྲུང་གོ་དང་མཉམ་ལས་ཀྱི་འབྲེལ་བར་ཤུགས་སྣོན་རྒྱག་འདོད་
    ཡོད་ཚུལ་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། “ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་ནས་དུས་རབས་གསར་པའི་བོད་ལྗོངས་གསར་པར་ལྟ་བ་དང་ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་རིག་གནས་སྤེལ་རེས”ཅེས་པའི་བཞུགས་མོལ་ཚོགས་འདུ་དེ་2017ལོའི་ཟླ་12ཚེས་31ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་པ་རེད། ནེ་པ་ལའི་ལས་རིགས་ཁག་གི་མི་སྣས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་དང་། ཀྲུང་གོ་དུས་རབས་གསར་པར་སླེབས་པས་ནེ་པ་ལ་དང་ཀྲུང་གོའི་འབྲེལ་བར་དེ་བས་ཤུགས་སྣོན་རྒྱག་རྒྱུར་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཤིག་བྱུང་ཚུལ་བརྗོད་ཡོད།
          བཞུགས་མོལ་ཚོགས་འདུ་ནི་ནེ་པ་ལ་ཐན་ལི་དཔེ་སྐྲུན་རིག་གནས་ཀུང་སི་དང་ཀྲུང་གོའི་བོད་ལྗོངས་དཔེ་ཁང་གཉིས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་མཛའ་གྲོགས་ལྷན་ཚོགས་ཀྱི་འགྲེལ་བཤད་མཁན་གྱིས་དང་ཐོག་ཡི་གེ་དང་། པར་རིས། བརྙན་ལམ་ཐོག་ནས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་གནས་ཚུལ་དང་ཉེ་དུས་བོད་ཀྱི་ལས་རིགས་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་བྱས་ཤིང་། ནེ་པ་ལ་ནས་ཡོང་བའི་སྐུ་མགྲོན་བཅུ་ལྷག་ཙམ་གྱིས་སྤྲོ་བ་ཆེན་པོས་ངོ་སྤྲོད་ཉན་རྗེས་གཅིག་མཇུག་གཉིས་མཐུད་ངང་གཏམ་བཤད་བྱས་པ་རེད།
         ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་པ་ཐེ་ལ་དབྱིས་ཁོ་བོ་དང་ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ལས་རོགས་གཞན་དང་མཉམ་དུ་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དང་པོ་ནེ་པ་ལའི་ཡི་གེར་བསྒྱུར་ཟིན་པ་དང་ད་ལྟ་དེབ་གཉིས་པ་སྒྱུར་བའི་འགོ་བརྩམས་ཟིན་པས་ཕན་ཐོགས་ཆེན་པོ་བྱུང་། ཀྲུང་གོར་ལྟ་སྐོར་འཚམས་འདྲི་བྱེད་རིང་། ཀྲུང་གོ་འཕེལ་རྒྱས་སོང་བ་དང་སྦྲགས་ནེ་པ་ལར་ཕན་པ་ཐོབ་རྒྱུ་ཇེ་ཆེར་འགྲོ་བཞིན་པ་ཚོར་བ་མ་ཟད། ཀྲུང་གོ་དུས་རབས་གསར་པར་སླེབས་པས་ནེ་པ་ལས་གོ་སྐབས་དེ་འཐུས་ཤོར་མི་ཡོང་བ་བྱེད་དགོས་པའང་མཐོང་བྱུང་ཞེས་བཤད།
         ལོ་ཤས་གོང་ཀྲུང་གོར་ཕྱི་སྦྱོང་སློབ་མ་བྱེད་མྱོང་བའི་ནེ་པ་ལའི་རྩོམ་པ་པོ་དང་སྙན་ངག་པ་གཅིག་ལྕོགས་ཐ་ཕས་ཀྲུང་གོའི་ལྕགས་ལམ་བོད་ནས་ནེ་པ་ལའི་མངའ་ཁོངས་སུ་བཟོ་ཐུབ་ཚེ་ནེ་པ་ལར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ཞིག་ཐོབ་ཐུབ་ལ་ཐ་ན་ཨེ་ཤེ་ཡ་ལྷོ་མ་ཧྲིལ་པོར་ཁྱབ་འགྱེད་ཐུབ་ནས་ས་ཁུལ་དེར་རྣམ་པ་གསར་རྐྱང་ཞིག་ཐོན་སྲིད་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་ད་ཆ་ཀྲུང་གོར་གྲུབ་འབྲས་འདི་ལྟ་བུ་ཐོབ་དོན་ནི་གོམ་པ་རེ་རེ་བཞིན་དངོས་དངོས་རྗེན་རྗེན་གྱིས་ལས་ཀ་བྱས་པས་ཡིན་སྟབས་ནེ་པ་ལས་སློབ་སྦྱོང་ལ་དམ་འཛིན་བྱས་ནས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་དང་དར་རྒྱས་ཡོང་བ་བྱེད་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།