འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོ་མཚོ་བོད་ས་མཐོའི་སྣོད་བཅུད་ཡར་རྒྱས་ཀྱི་ངོ་མཚར་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ཆུ་ཁ་འཕེལ་བ་དང་། རྩྭ་ཁ་མཐོ་རུ་སོང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་དུ་ཕྱིན་པ། རྩྭ་ཐང་སྟེང་གི་མཛེས་ལྗོངས་སླར་ཡང་མངོན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་ཚོའི་ཡུལ་མི་སངས་རྒྱས་ཀྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།
         “རྨ་འགོའི་རྫོང་དང་པོ”ཞེས་གྲགས་པའི་རྨ་སྟོད་རྫོང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་སུ་གནས་པ་དང་། མཚོ་མཚེའུ་ཆེ་ཆུང་4000ལྷག་ཡོད་པས། རྨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་བའི་གནས་དང་སྣོད་བཅུད་སྲུང་ཡོལ་ཞིག་ཏུ་གྱུར་ཡོད།
         ཆུང་དུས་ནས་འབྲོག་ཁུལ་དུ་སྐྱེས་པའི་སངས་རྒྱས་ཀྱིས་རྩྭ་ཐང་གི་སྣོད་བཅུད་བཟང་དུ་སོང་བའི་འགྱུར་བ་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ཡོད། ཁོང་གིས“ཆུང་དུས་རྩྭ་ཐང་ལ་ཆུ་འབེལ་བ་དང་རྩྭའང་ཡག་པོ་སྐྱེ་ཡི་ཡོད། རྗེས་སུ་མཚེའུའི་ཆུ་ཁ་དམའ་རུ་སོང་བ་དང་རྩྭའང་ཡག་པོ་མ་སྐྱེས་པས་ནོར་ལུག་ལ་རྩྭ་གྲོད་པ་རྒྱགས་པ་ཞིག་ཀྱང་བཟའ་རྒྱུ་མེད”ཅེས་བཤད།
         ཉེ་ཆར། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་ལས་གྲྭར་རྒྱུན་བསྲིང་ངང་སྐུལ་མ་གཏོང་བ་དང་ཆབས་ཅིག་སྐྱས་སྤོས་རྩྭ་གསོ་དང་། སྣོད་བཅུད་བཟང་སར་ཡུལ་མི་གནས་སྤོ་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བའི་རྗེས་འབྲོག་པ་མང་པོ་ཞིག་སངས་རྒྱས་དང་འདྲ་བར་འབྲོག་ཁུལ་ནས་གཅིག་སྡུད་གཏན་སྡོད་བྱ་ཡུལ་དུ་སྤོས་ཏེ་རྩྭ་ཆུ་གང་བཟང་དུ་འགྲོ་བའི་སྲོལ་རྒྱུན་གྱི་འཚོ་བ་མཇུག་འགྲིལ་བ་རེད།
         ད་ཆ་སངས་རྒྱས་ཀྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ལྟ་སྲུང་བ་ཞིག་ཡིན་པའི་སྤོབས་པ་ཆེན་པོ་བྱེད་ཀྱིན་ཡོད། ཁོང་གིས་ཉིན་ལྟར་རྐང་ཐང་མར་ནགས་རི་དང་ན་ཁར་བསྐྱོད་དེ་རང་ཉིད་ཀྱི་ཕ་ཡུལ་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་བཞིན་མཆིས།
         “སྐོར་སྲུང་ལས་དོན་ནི་དཀའ་ངལ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་རྩྭ་ཐང་གི་རྩྭ་ཁ་མཐོ་རུ་འགྲོ་བ་མཐོང་དུས་དཀའ་ངལ་དེ་དག་བསམ་བློར་འཁོར་གྱི་མི་འདུག སྣོད་བཅུད་སྲུང་སྐྱོང་བྱེད་པ་ནི་ངེད་ཚོའི་མ་ཡུམ་གཙང་པོ་སྲུང་སྐྱོང་བྱེད་པ་དང་ང་ཚོ་སྡོད་སའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་ཞིག་ཡིན”ཞེས་སངས་རྒྱས་ཀྱིས་བཤད།
         མཚོ་བོད་ས་མཐོའི་ལྟེ་ཁུལ་དུ་གནས་པའི་གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་ལ་མི་འབོར་དུང་ཕྱུར་6ལྷག་ཙམ་འཚོ་བ་སྐྱེལ་བཞིན་ཡོད། རང་རྒྱལ་གྱི་གལ་ཆེ་ཤོས་ཀྱི་སྣོད་བཅུད་བྱེད་ནུས་ཁུལ་གྱི་གྲས་ཤིག་ཡིན་པར་བརྟེན“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་གྲགས།
         2005ལོར་རང་རྒྱལ་གྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ་ལག་ལེན་བསྟར་འགོ་བརྩམས་ནས་རྩྭ་ཐང་སྔོ་ཁེབས་སླར་གསོ་བྱུང་བ་དང་། བྱེ་འགྱུར་བཅོས་སྒྲིག་བྱེད་པ་སོགས་ཀྱི་སྣོད་བཅུད་སླར་གསོའི་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་86.5བཏང་བ་དང་། 2014ལོར་བཅོས་སྐྱོང་བྱེད་ཁྱོན་དེ་བས་ཆེ་བ་དང་ཚད་གཞི་དེ་བས་ནན་པའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལས་གྲྭ་རྒྱུན་མཐུད་ངང་གཉེར་འགོ་ཚུགས་ནས་ད་བར་མ་དངུལ་སྒོར་དུང་ཕྱུར་97བཏང་ཡོད།
         མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་དུས་ཐེངས་གཉིས་པའི་ལས་གྲྭ་དེ་ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ། མཚོ་ལྷོ་བཅས་ཀྱི་བོད་རིགས་རང་སྐྱོང་ཀྲོའུ་བཞིའི་རྫོང་21དང་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་ལ་ཁྱབ་པ་དང་། དེའི་བཅོས་སྒྲིག་བྱེད་ཁྱོན་སྔོན་མའི་སྤྱི་ལེ་ངོས་གྲུ་ཁྲི་15.23ནས་སྤྱི་ལེ་ངོས་གྲུ་ཁྲི་39.5བར་མང་དུ་སོང་བ་ལས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་བསྡོམས་འབོར་གྱི་54.6%ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
         ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་གསར་ཤོས་ལས། སྣོད་བཅུད་སླར་གསོའི་ལས་གྲྭ་ལག་ལེན་མ་བསྟར་གོང་གི་2004ལོ་དང་བསྡུར་ཚེ། ལོ་བཅུའི་རིང་གཙང་གསུམ་ཆུ་འགོའི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་80མང་དུ་སོང་བ་ནི་ཤིས་ཧུའུ་མཚེའུ་560ཙམ་ཆེ་རུ་ཕྱིན་པ་དང་མཚུངས་ཤིང་། ན་ཁ་ཆ་སྙོམས་ཁེབས་ཚད་11.6%མང་དུ་སོང་བ་དང་། སྤྱིར་རྩྭ་སྐྱེ་ཚད་30%འཕར་བ། བྱེ་ཐང་དུ་འགྱུར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་500ཉུང་དུ་སོང་བ། འདམ་རའི་རྒྱ་ཁྱོན་མིག་སྔར་སྤྱི་ཆིང་ཁྲི་800ལས་བརྒལ་ཡོད་པ་བཅས་མངོན་ཡོད།
         ན་ནིང་ཟླ་12ཚེས་24ཉིན་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ཐེངས་བདུན་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་བརྡ་ལན་བྱས་པའི་ནང་། མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལས་གྲྭར་སྐུལ་མ་ཏན་ཏིག་བཏང་ནས་ལག་བསྟར་བྱས་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་ཕྱེད་ཆ་ཡན་བཟུང་བ་དང་། ཁུ་ཁུ་ཤིས་རི་འཛམ་གླིང་གི་རང་བྱུང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུར་འདུན་ཞུ་བྱས་པ་ལམ་ལྷོངས་བྱུང་བ། སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་བ་བཅས་ཀྱི་ངོས་འཛིན་བྱས་ཡོད།
         ཉེ་ཆར་གསར་འགོད་པ་བརྟག་དཔྱད་བྱེད་པར་བསྐྱོད་པ་ལས་ཤེས་རྟོགས་བྱུང་བར། དེ་སྔ་སྣོད་བཅུད་ཤུགས་ཆེན་ཉམས་པའི་རྨ་སྟོད་རྫོང་དང་། འབལ་རྫོང་སོགས་ལ་སྐབས་ཤིག་སྐྱ་ཐེར་དུ་གྱུར་པའི་ས་ནག་ཐང་ལ་སྔོ་ལྗང་གིས་བཀླུབས་པ་དང་། མཚོ་མཚེའུ་ཡང་གཡུ་ཡི་མཎྜལ་འཕྱིས་པ་ལྟར་སྔོ་འཆིལ་འཆིལ་དུ་འགྱུར་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་དང་ཁྱུ་བྱས་ནས་རང་དགར་རྒྱུ་བ་ཇི་སྙེད་ཅིག་མཐོང་རྒྱུ་ཡོད།
         ལི་ཞའོ་ནན་གྱིས་ད་ཆ་གཙང་གསུམ་ཆུ་འགོའི་གཙོད་ཀྱི་གྲངས་འབོར་ཉུང་ཤོས་སྐབས་ཀྱི་ཁྲི་2ལས་མེད་པ་ནས་ཁྲི་7ལྷག་བར་འཕེལ་བ་དང་། ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ཡང་1000ཡང་མ་ཟིན་པ་ནས་3000ལྷག་བར་མང་དུ་སོང་བ། ཙོང་ཉ་སོགས་ཀྱི་ས་མཐོའི་རྩ་ཆེན་ཉ་རིགས་སྣེ་ཁ་50ལྷག་མངོན་གསལ་གྱིས་མང་དུ་སོང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།