འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མི་མེད་ལུང་སྟོང་དེ་ཕྱི་རོལ་ལུས་རྩལ་གྱི་ཞིང་ཁམས་ཡིན་ནམ་ཡང་ན་སྣོད་བཅུད་སྲུང་ཡོལ་གྱི་
    དམར་ཐིག་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དེང་སྐབས་ས་མཐོ་དང་། གྲམ་ཐང་། བྱེ་ཐང་སོགས་སྣོད་བཅུད་ཉམས་ཞན་གྱི་ས་ཁུལ་དུ་སྤེལ་བའི་ཕྱི་རོལ་ལུས་རྩལ་ལ་འགྲོ་མཁན་མང་པོ་ཡོད། ཁུ་ཁུ་ཤིས་རི་དང་ལུའོ་ཕོ་མཚེའུ་སོགས་མི་མེད་ལུང་སྟོང་དེ་དག་ཕྱི་རོལ་ལུས་རྩལ་ལ་དགའ་ཞེན་པ་མང་པོའི“ཕུགས་འདུན་ཆེ་ཤོས”སུ་གྱུར་ཡོད། འོན་ཀྱང་བྱེས་བགྲོད་རླངས་འཁོར་མཁས་ཅན་དང་ཕྱི་རོལ་མྱུལ་དཔྱད་མཁས་ཅན་ཧོ་ཤུས་ཏུང་གི་ངོས་ནས་བརྗོད་ན་རང་བྱུང་ལ་གུས་ཤིང་སྐྲག་པ་དང་། སྣོད་བཅུད་ལ་སྲུང་སྐྱོང་བྱེད་པ། རྗེས་རབས་པར་འགན་འཁུར་བ་དག་ནི་བྱེས་བགྲོད་འགྲན་བསྡུར་དང་རང་བྱུང་ལ་འགྲན་སློང་བྱེད་པ་ལས་དོན་སྙིང་ཆེ་བ་ཡོད།
          ཉེ་ཆར། ཀྲུང་གོ་རླངས་འཁོར་བཟོ་གྲྭ་དང་པོའི་ཚོགས་པ་ཀུང་སིའི་ཏ་ཀྲུང་ཨའོ་ཏི་རྟགས་ཅན་གྱིས་ཀན་སུའུ་ཏུན་ཧོང་དུ“ཨའོ་ཏི་Qརིགས་ཀྱི་ཡུལ་ཁམས་གསར་པའི་ཡུལ་སྐོར”ཞེས་པའི་སྣོད་བཅུད་རྩད་ཞིབ་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཞིག་སྤེལ་བ་དང་། བྱེད་སྒོའི་གྲུབ་ཆ་གལ་ཆེ་ཤོས་ཤིག་ནི་ཁུ་ཁུ་ཤིས་རིའི་མཐའ་འཁོར་ས་ཁུལ་གྱི་ལོ་འཁོར་གྱི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དགུན་དུས་ཀྱི་འཚོ་ཁུལ་ལ་ལོ་རེར་ཚན་རིག་རྟོག་ཞིབ་ཐེངས་མཇུག་ཤོས་དེ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་ཞིག་ཡིན། ཧོ་ཤུས་ཏུང་གིས་དེའི་གྲས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣ་དང་མཉམ་དུ་གནམ་གཤིས་དང་། ས་གཤིས། སྣོད་བཅུད་སོགས་ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གཙང་གསུམ་ཆུ་འགོའི་ཤར་རྒྱུད་ཀྱི་མཐོ་གྲང་མི་མེད་ལུང་སྟོང་དུ་འཛུལ་རྒྱུར་རམ་འདེགས་བྱས་ནས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
           ཧོ་ཤུས་ཏུང་གིས་ཕྱི་རོལ་བྱེས་བགྲོད་དང་མྱུལ་དཔྱད་ལ་སྔར་བཞིན་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་ད་ཆ་བསམ་ཚུལ་ལ་འགྱུར་ལྡོག་བྱུང་ཡོད།
          “ཐོག་མར་མི་མེད་ལུང་སྟོང་དུ་འཛུལ་སྐབས་བསམ་བློ་སྟབས་བདེ་བ་སྟེ། དེ་ཁུལ་དུ་མི་འགྲོ་སྐྱོད་བྱེད་མཁན་མེད་པས་འགྲན་སློང་གི་བསམ་བློ་ཞིག་འཆང་སྟེ་རང་ཉིད་ཀྱི་རླངས་འཁོར་གཏོང་རྩལ་ལ་བརྟེན་ནས་རི་ཀླུང་བརྒལ་དགོས་སྙམ”ལོ་49ལ་སླེབས་པའི་ཧོ་ཞུས་ཏུང་གིས“འོན་ཀྱང་འགྲན་སློང་དེ་དག་ལེགས་གྲུབ་བྱུང་རྗེས་རང་ཉིད་ལ་རང་བྱུང་ཁམས་ཆེན་པོར་གུས་སྐྲག་གི་བསམ་བློ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་པ་མ་ཟད། བསམ་གཞིག་བྱེད་དགོས་པའི་གནས་མང་པོ་བྱུང”ཞེས་བཤད།
          “ལོ་མང་རིང་སྲུང་སྐྱོང་ཁུལ་གྱི་དང་བླངས་པ་དང་། ཆུ་དཔྱད་ཞིབ་འཇུག་པ། འཁྱགས་རོམ་གྱི་རིགས་གཅིག་མཁས་ཅན་བཅས་དང་སྤེལ་རེས་བྱས་རྗེས་ཁོང་རྣམས་ཀྱི་མིང་གྲགས་དོན་དུ་མི་གཉེར་བའི་བརྟན་སྲུང་བྱེད་སེམས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོར་ཡུག་སྲུང་སྐྱོང་དང་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་མང་པོ་ཞིག་ལ་དོ་དོ་ཏན་ཏན་ངང་ལས་ཀ་སྒྲུབ་མཁན་ཡོད་དགོས་ངེས་རེད། ང་ཚོ་བྱེས་བགྲོད་ཁ་ལོ་བ་ཚོས་ཀྱང་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་མི་མེད་ལུང་སྟོང་གི་སྣོད་བཅུད་སྲུང་སྐྱོང་ལ་ལེགས་སྐྱེས་ཁག་གཅིག་འབུལ་དགོས”
          འཆར་གཞི་ལྟར་ན། རིགས་གཅིག་མཁས་ཅན་ལ་རམ་འདེགས་བྱས་ནས་གཙང་གསུམ་ཆུ་འགོའི་ཤར་རྒྱུད་དུ་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ་སྐབས་མཚོ་བོད་གཞུང་ལམ་རྒྱུད་ཀྱི་སྲུང་སྐྱོང་ཁུལ་དོ་དམ་ཅུས་གཤམ་འོག་གི་ཆུ་ནག་ཁ་དང་། བསོད་ནམས་དར་རྒྱས། སྨིག་པ་ལ་སྒང་། ཐོག་ཐོན་གཙང་པོ་བཅས་ཀྱི་སྲུང་སྐྱོང་ས་ཚིགས་ཆེན་པོ་བཞི་བརྒྱུད་དགོས་ཀྱི་ཡོད། གཙོད་སོགས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་གཙོ་བོ་ཡིན་པ་ཕུད། ད་དུང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འཚོལ་ཆེད་ཀྱང་ཡིན། རྡོག་ཐོན་དཔུང་ཁག་ཁྲོད་ད་དུང་འཁྱགས་རོམ་དང་གཙང་ཆུའི་རིགས་གཅིག་མཁས་ཅན་ཡང་ཡུང་སོགས་སྣོད་བཅུད་སྲུང་སྲུང་སྐྱོང་ལས་ལ་ཡུན་རིང་ཞུགས་མྱོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཚུད་ཡོད་པ་དང་ད་ཐེངས་བསྐྱོད་དགོས་པའི་ལམ་ཐག་སྤྱི་ལེ་1600ཟིན་ཞིང་། སྔོན་དཔག་ལྟར་ན་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་ཕྱིར་ལོག་ཐུབ་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཤུགས་ཚད་ཆེ་བ་དང་སྤེལ་ཚད་མང་བའི་རི་སྐོར་ཁྲིམས་འཛིན་བྱེད་སྒོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལྐོག་རྔོན་དང་ལྐོག་འཐུའི་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་ནས་སྣོད་བཅུད་སླར་གསོ་མངོན་གསལ་དོད་པོ་བྱུང་སྟེ་རི་སྐྱེས་རྩི་ཤིང་གི་སྣ་མང་རང་བཞིན་སྐྱེ་འཚར་སླར་གསོ་བྱུང་ཡོད། འདི་ལོའི་ཟླ་བདུན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ལྷན་གྱི་མོས་མཐུན་ཐོབ་པ་བརྒྱུད་ཁུ་ཁུ་ཤིས་རི་འཛམ་གླིང་རང་བྱུང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུའི་ཆོག་མཆན་ཐོབ་ནས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཨང་51པར་གྱུར་ཡོད། ཁུ་ཁུ་ཤིས་རི་ཡང་མིག་སྔར་ཀྲུང་གོའི་ས་རྒྱ་ཆེ་ཤོས་དང་། ས་བབ་མཐོ་ཤོས། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།
          འཛམ་གླིང་གི་ཤུལ་བཞག་དེར་སྲུང་སྐྱོང་བྱ་ཆེད། ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་དུས་ཚིགས་ཀྱི་ཁྱད་ཆོས་གཞིར་བཟུང་རྒྱུན་རྣམ་རང་བཞིན་གྱི་རི་སྐོར་ཁྲིམས་འཛིན་བྱ་སྤྱོད་སྤེལ་ནས་ལྐོག་རྔོན་དང་ལྐོག་འཐུའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་ལ་སྣོད་བཅུད་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། གཞན་ཡང་ཉེ་དུས་མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་དང་། ཤིན་ཅང་གི་ཨའར་ཅིན་ཧྲན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཀྱིས་མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ་བ་སྟེ། ཚན་པའམ་ཡང་ན་མི་སྒེར་གང་རུང་ཞིག་གིས་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་བསྐྱོད་རྒྱུ་གཏན་འགོག་བྱས་པ་རེད།
          “ལོ་ཉི་ཤུའི་གོང་ང་ཚོས་ཐོག་མར་བྱེས་བགྲོད་བྱེད་སྒོ་སྤེལ་སྐབས་མི་ཉུང་ཤས་ལ་མ་གཏོགས་རླངས་འཁོར་མེད་པས། རླངས་འཁོར་བཏང་ནས་མྱུལ་དཔྱད་དང་འགྲན་སློང་ཟེར་བ་གླེང་ཐབས་བྲལ། ད་ཆ་རླངས་འཁོར་ཡོད་མཁན་མང་དུ་ཕྱིན་ནས་བྱེས་བགྲོད་རླངས་འཁོར་གྱི་གྲངས་འབོར་ཡང་རིམ་བཞིན་མང་དུ་ཕྱིན་ཏེ་དམངས་ཁྲོད་བྱེས་བགྲོད་རླངས་འཁོར་གྱི་འདུ་ཚོགས་ལ་ཞུགས་མཁན་མང་པོ་ཡོད། ང་ཚོས་ཀྱང་བྱེད་སྒོ་འདིར་བརྟེན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱས་ནས་རླངས་འཁོར་ལ་དགའ་པོ་ཡོད་མཁན་ཚོས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། དགོས་གལ་མེད་པའི་འགྲན་སློང་དང་མྱུལ་དཔྱད་ཀྱི་བྱེད་སྒོའི་དབང་གིས་མི་མེད་ལུང་སྟོང་གི་སྣོད་བཅུད་ལ་གཏོར་བཤིག་གཏོང་རྒྱུ་སྔོན་འགོག་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཧོ་ཤུས་ཏུང་གིས་བཤད།
          “དོན་དངོས་ཐོག་ད་ཆ་རྒྱལ་ནང་དུ་བདེ་འཇགས་ལྡན་ཞིང་ཚད་ལྡན་གྱི་བྱེས་བགྲོད་འགྲན་བསྡུར་རིགས་མང་པོ་ཡོད་པས་རྒྱ་ཆེའི་རླངས་འཁོར་ལ་དགའ་པོ་ཡོད་མཁན་ཚོ་ཞུགས་པ་དང་མྱོང་རོལ་བྱེད་ཐུབ། དེ་བས་ཁུ་ཁུ་ཤིས་རི་དང་ལུའོ་ཕོ་མཚེའུ་འདྲ་བའི་མི་མེད་ལུང་སྟོང་དེ་ཚན་རིག་རྟོག་ཞིབ་ཀྱི་གནས་མཆོག་དང་སྣོད་བཅུད་ཀྱི་དབེན་གནས་སུ་འགྱུར་ཐབས་བྱེད་པ་ལས། ཕྱི་རོལ་ལུས་རྩལ་དགའ་ཞེན་པ་ཚོའི་མྱུལ་དཔྱད་ཀྱི་དམིགས་སར་འགྱུར་མི་རུང”
      

    ཕྱོགས་བསྡུས་གསར་འགྱུར།