འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུག་མཐུད་དབྱུག་པ་བླངས་ནས་དབང་པོ་སྐྱོན་ཅན་དེ་བས་མང་བར་ཞབས་འདེགས་ཞུ་རྒྱུ་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། “སྤྱི་ཚོགས་ཀྱི་རོགས་སྐྱོར་ལས་ངའི་གདེང་ཚོད་ཆེ་རུ་ཕྱིན་པ་དང་། ལུས་རྩལ་ལས་ངའི་སྟོབས་ཤུགས་ཆེ་རུ་ཕྱིན་སོང་། ངས་སྟོབས་ཤུགས་འདི་ལ་བརྟེན་ནས་རོགས་རམ་མཁོ་བའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་ཀྱི་ཡིན”ཞེས་པ་དེ་ནི་ཝུའུ་ཡན་ཅན་གྱིས་རྒྱུན་དུ་ཤོད་པའི་སྐད་ཆ་རེད། འདི་ལོ་ལོ་47ལ་སླེབས་པའི་ཁོང་ནི་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་རེད།
            ད་ཆའི་ཝུའུ་ཡན་ཅན་གྱིས་རང་ཉིད་དབང་པོ་སྐྱོན་ཅན་དུ་འགྱུར་བའི་སྐོར་གླེང་སྐབས་སྐྱོ་སྣང་མེད་རུང་། ཡིན་ནའང་ལོ་30ཡི་གོང་ཁོང་ལག་པར་རྨས་སྐྱོན་ཚབས་ཆེན་ཤོར་ནས་སེམས་སྦུག་དོག་ལ་གྲོགས་མེད་ཁེར་རྐྱང་དུ་སྡོད་མཁན་ཞིག་རེད།
          “ལོ་དགུ་ལ་སོན་སྐབས་ངའི་དཔུང་པ་གཡོན་མར་རྨས་སྐྱོན་ཤོར་ནས་གཅོད་དགོས་བྱུང་། ཁྱེད་ཀྱིས་གཟིགས་དང་། ངས་ཡི་གེ་སྒུག་སྐབས་ཀྱང་ལག་གཅིག་ལ་རྟེན་དགོས། ད་ལྟ་ལས་ཀ་ཉིན་ལྟར་བྲེལ་བ་ཆེ་ཡང་ང་ལ་ལག་གཅིག་ལས་མེད་སྟབས་རྟག་ཏུ་མཚན་གུང་བར་ལས་ཀ་བྱེད་དགོས་ཀྱི་འདུག”ཅེས་ཝུའུ་ཡན་ཅན་གྱིས་བཤད་པ་དང་། ཁོང་གིས་སྐབས་དེ་དུས་ལོ་ན་ཆུང་བའི་དབང་གིས་ང་ལ་ད་དུང་ཕྱི་རོལ་ཡུལ་གྱི་གནོན་ཤུགས་དེ་ཙམ་མེད་ཀྱང་། ལག་གཅིག་གིས་གྱོན་ཆས་གྱོན་པ་དང་ཁ་འཁྲུ་ལག་བཤལ་སོགས་བྱེད་དགོས་སྟབས་མཚམས་རེ་སྟབས་བདེའི་ལས་ཀར་དཀའ་ངལ་ཆེན་པོ་འཕྲད་ནས་ཡང་ག་བྱེད་འདི་བྱེད་མི་འདུག་ཅེས་བཤད།
          “སློབ་འབྲིང་སྐབས་ང་རང་རྟག་ཏུ་ཡིད་ཐང་ཆད་ནས་སྡོད་ཀྱི་ཡོད། ཕུགས་བསམ་ཞེས་པ་རྩ་བ་ནས་གླེང་ཕོད་ཀྱི་མེད། སྐབས་དེ་དུས་རང་ཉིད་དབང་པོ་སྐྱོན་ཅན་ཞིག་ཡིན་པས་མི་གཞན་དང་སྡུར་ཐབས་མེད་སྙམ་གྱི་འདུག”ཅེས་ཝུའུ་ཡན་ཅན་གྱིས་བརྗོད།
          སློབ་ཆེན་འགྲིམས་རྗེས་ཀྱི་ཝུའུ་ཡན་ཅན་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཆགས། ལྷན་སྐྱེས་ཀྱི་བློ་རིག་ལྡན་པའམ་ཡང་ན་འབད་བརྩོན་ཆེན་པོས་སྦྱོང་བརྡར་བྱས་པ་གང་ཞིག་ཡིན་རུང་། ཝུའུ་ཡན་ཅེའི་སྤོ་ལོའི་རྒྱག་རྩལ་དང་མྱུར་ཚད་ཚང་མ་རྐང་ལག་ཆ་ཚང་བའི་སློབ་གྲོགས་གཞན་དག་ལས་ལྷག་པ་ཡོད། དེའི་སྐབས་ཁོང་ལ་རྐང་རྩེད་སྤོ་ལོའི་ཐང་ནས་སྔར་འབྱུང་མྱོང་མེད་པའི་གདེང་ཚོད་ཅིག་སྐྱེས།
          མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གོང་མའི་ལོ་རབས་90པར་གཉེར་བའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་མོ་བའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ལ་རྒྱུག་ཤར་མགྱོགས་ཤོས་ཡིན་པའི་ཝུའུ་ཡན་ཅན་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་མཆོང་རྒྱུག་འཕེན་གསུམ་གྱི་རུ་ཁག་ལ་བཅུག དུས་དེ་ནས་བཟུང་ཁོང་ལུས་རྩལ་པའི་ལམ་དུ་ཞུགས་འགོ་ཚུགས།
          1990ལོར་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ལ་ཞུགས་པ་ནས་2003ལོའི་ནན་ཅིང་གི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་འཚོགས་རྗེས་ལུས་རྩལ་ལས་རིགས་ནས་དོན་པའི་བར་གྱི་ལོ་13རིང་ཝུའུ་ཡན་ཅན་རྒྱལ་ནང་དང་རྒྱལ་སྤྱིའི་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར་ལ་ཐེངས་15ཞུགས་པར་འཛམ་གླིང་གི་ཨང་པོ་2དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་26བླངས་ཡོད་ལ་འཛམ་གླིང་གི་ཟིན་ཐོ་དང་རྒྱལ་ཡོངས་ཀྱི་ཟིན་ཐོ་ཐེངས་མང་བཏོད་པའམ་ཡང་ན་གཏོར་ཡོད།
          ཝུའུ་ཡན་ཅན་གྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་ལ་འཇོན་ཐང་ལྡན་པའི་དཔང་པོ་བྱས་ཡོད་ལ་ཁོང་ལ་ལུས་རྩལ་གྱི་སྤྲོ་སྣང་དང་སྟོབས་ཤུགས་དེ་བས་མང་བ་མྱོང་ཚོར་ཐུབ་ཡོད།
          ཝུའུ་ཡན་ཅན་གྱིས“དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ནི་འགྲན་བསྡུར་བྱས་ནས་གྲུབ་འབྲས་ལེན་པ་ཙམ་མ་ཡིན་པར་གཙོ་བོ་ནི་དབང་པོ་སྐྱོན་ཅན་ལ་ལས་སྟེགས་ཤིག་བསྐྲུན་ནས་ཁོང་ཚོར་སྤྲོ་སྣང་དང་གདེང་ཚོད་ཡོད་པའི་ངང་སྤྱི་ཚོགས་ལ་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བརྗོད།
          ཁོང་གིས་ངོ་མ་ལུས་རྩལ་ལ་བརྟེན་ནས་ངའི་ཕུགས་འདུན་གྲུབ་སོང་། ཡིན་ནའང་སེམས་རྩ་འཁོལ་བའི་རྩལ་ཁྲིད་པ་དང་སེམས་ཁུར་དང་སྐུལ་ལྕག་གནང་མཁན་དེ་དག་མེད་ཚེ་ངའི་ཕུགས་འདུན་འགྲུབ་མི་སྲིད་ལ་ང་རང་ཡང་འཛམ་གླིང་གི་བྱ་དགའ་ཨང་དང་པོ་ལེན་སའི་སྟེགས་བུར་དེ་བས་སླེབས་མི་ཐུབ་ཅེས་བརྗོད།
          ལུས་རྩལ་པ་མ་བྱས་པར་ལོ་བཅུ་སོང་བའི་དུས་ཡུན་རིང་ཁོང་གིས་སེམས་ནུས་ཡོད་རྒུས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ལ་ཞུགས་ཤིང་། དུས་རྒྱུན་འཚོ་བའི་ནང་ཁོང་གིས་དབང་པོ་སྐྱོན་ཅན་སྒྲིག་འཛུགས་འབྲེལ་གཏུག་དང་། དབང་པོ་སྐྱོན་ཅན་གྱི་ལས་དོན་པ་གསོ་སྦྱོང་། དང་བླངས་ངང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་ཀྱི་ལས་ཀའི་འགན་ཁུར་ནས་ཉིན་ལྟར་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་བློ་འདྲི་སོགས་ལ་གཞོལ་གྱི་ཡོད།
          རྩལ་ཁྲིད་པ་ཞིག་གི་ཆ་ནས་ཁོང་གིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པར་སྦྱོང་བརྡར་གྱི་མཛུབ་ཁྲིད་དང་བདེ་ཐང་སླར་གསོའི་རོགས་རམ་བྱེད་དགོས་ཀྱི་ཡོད། ཁོང་གིས་སྔ་རྗེས་སུ་དབང་པོ་སྐྱོན་ཅན་ལུས་རྩལ་པ་བརྒྱ་ལྷག་ཙམ་ལ་མཛུབ་ཁྲིད་བྱས་པ་དང་འབྲེལ། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་སྒྲིག་འཛུགས་བྱས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་ཐེངས་བཅུ་གྲངས་ཁ་ཤས་ལ་ཞུགས་ཏེ་དབང་པོ་སྐྱོན་ཅན་མང་པོ་ཞིག་ལ་ལུས་རྩལ་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་མངོན་རོགས་བྱས་ཡོད།
            ཝུའུ་ཡན་ཅན་གྱིས“ད་བར་མི་ཧ་ཅང་མང་པོའི་རོགས་རམ་དང་སེམས་ཁུར་ཐོབ་བྱུང་། ད་ལྟ་ངས་རྒྱུག་མཐུད་དབྱུག་པ་བླངས་ནས་དབང་པོ་སྐྱོན་ཅན་ལ་མུ་མཐུད་ཞབས་འདེགས་ཞུས་ཏེ་གཅེས་སེམས་འདི་རིགས་མུ་མཐུད་བརྒྱུད་སྤྲོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།