འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་བས"ཀྲུང་གོའི་ཕུགས་འདུན"ཤེས་པར་བྱས། 

    —— ཨ་རིའི་ཕྱི་ཁོངས་ཀྲུང་གོ་བའི་མཁས་དབང་ཞིག་གི་ཀྲུང་གོའི་ལས་འབྲེལ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            ཁོང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོར་གཞིས་ཆགས་རུང་ཀྲུང་གོའི་འཕེལ་རྒྱས་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་གནང་བཞིན་ཡོད། ཀྲུང་གོའི་སྐོར་གྱི་རྫུན་གཏམ་དང་འུད་ཤོབ་སྨྲ་བ་ཐོས་སྐབས་རྒྱུན་དུ་ཁོང་གིས་རྒོལ་གཏམ་སློག་རྐྱང་གནང་གི་ཡོད།
            ཁོང་དང་ཀྲུང་གོའི་འགོ་ཁྲིད་མི་སྣའི་དབར་ལས་འབྲེལ་བཟང་པོ་ཡོད། ལོ་གཉིས་གོང་ཁོང་གིས་གཙོ་འགན་རྩོམ་སྒྲིག་གནང་བའི་དབྱིན་ཡིག་དཔར་མའི་དཔེ་དེབ་《ཞི་ཅིན་ཕིང་གི་དུས་རབས་》ཞེས་པ་བཏོན་པས་ཨ་རི་བ་མང་པོས“ཀྲུང་གོའི་ཕུགས་འདུན”ཤེས་རྟོགས་ཐུབ་ཡོད། ལོ་30ཡི་གོང་དུ་ཁོང་དང་ཏེང་ཞའོ་ཕིང་བཀའ་མོལ་ཆུ་ཚོད་དྲུག་གནང་མྱོང་ཡོད།
           ཉིན་ཤས་གོང་ལོ་བརྒྱད་ཅུར་ཕེབས་པའི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཀྲུང་གོ་བའི་མཁས་དབང་ཞུང་ཅེས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས་ཀྲུང་གོར་འཛིན་པའི་བརྩེ་དུང་ལྷུག་པོར་གླེང་གནང་བ་རེད།
          ནུབ་ཕྱོགས་ལ“ཀྲུང་གོའི་འགྲོ་ལམ”གསལ་འགྲེལ་བྱས་པ།
          དུས་ཡུན་རིང་པོའི་ནང་ཞུང་ཅེས་ཉིའུ་གཡོད་སློབ་ཆེན་དུ་སློབ་ཁྲིད་གནང་བ་དང་། ད་ཆ་ཁོང་ནི་ཉིའུ་གཡོད་སློབ་ཆེན་གྱི་ཚེ་གང་གི་དགེ་རྒན་ཆེ་མོ་བ་རེད། གྲགས་ཅན་གྱི་ཕྱི་ཁོངས་ཀྲུང་གོ་བ་མཁས་དབང་ཞུང་ཅེར་ཀྲུང་གོའི་འགོ་ཁྲིད་མི་སྣ་མང་པོའི་མཇལ་འཕྲད་ཐོབ་ཡོད། ཏེང་ཞའོ་ཕིང་དང་ཆུ་ཚོད་དྲུག་ཙམ་ལྷག་བསམ་ཟོལ་མེད་ངང་བཀའ་མོལ་གནང་བའི་སྐོར་གླེང་སྐབས་ལོ་82ལ་སླེབས་པའི་བགྲེས་སོང་གི་ཡིད་ལ་གསལ་ལྷང་ངེར་དྲན་གྱི་ཡོད།
          1987ལོའི་དབྱར་ཁར་གདན་ཞུས་ལྟར་ཞུང་ཅེར་པེ་ཏའེ་ཧོར་ཏེང་ཞའོ་ཕིང་དང་མཇལ་འཕྲད་བྱེད་པའི་བསྐལ་བ་བཟང་པོ་ཐོབ། “ངས་སི་ཁྲོན་གྱི་ཡུལ་སྐད་ཐོག་ནས་ཁོང་ལ་འཚམས་འདྲི་ཞུས་པ་ཡིན”སྐབས་དེ་དུས་ཏེང་ཞའོ་ཕིང་གིས་དགྱེས་ཚོར་ཆེན་པོས“ཁྱེད་ཀྱིས་སི་ཁྲོན་གྱི་ཡུལ་སྐད་ང་ལས་ཡག་པ་རྒྱག་གི་འདུག”ཅེས་གསུངས་བྱུང་།
          ཞིབ་འཇུག་ཁྱབ་ཁོངས་ཡིན་ནའང་འདྲ་ཡང་ན་རང་ཉིད་ཀྱི་མྱོང་བ་གང་ཞིག་ཡིན་རུང་སྐྱེ་ཁུངས་ཧོ་ནན་ནས་ཡིན་པའི་ཞུང་ཅེའི་ལས་དབང་ཀྲུང་གོ་དང་དམ་པོར་འབྲེལ་ཡོད། དེའི་རྐྱེན་གྱིས་ཁོང་གིས་ཀྲུང་གོའི་འཕེལ་རྒྱས་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་གནང་གི་ཡོད།
          ཞུང་ཅེ་ཡི་ཉིའུ་གཡོད་སློབ་ཆེན་གྱི་གཞུང་དོན་ཁང་གི་དཔེ་སྒྲོམ་སྟེང་དཔེ་དེབ་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་བང་ཁྲི་ཞིག་གི་ཐོག་ཆེད་མངགས་ཀྲུང་གོའི་སྐོར་གྱི་ཁོང་གི་གསུང་རྩོམ་བསྒྲིགས་ཡོད་པ་གསར་འགོད་པས་མཐོང་བྱུང་།
          2012ལོར་ཞུང་ཅེས་རྩོམ་འབྲི་གནང་བའི་《རྒྱལ་ཁབ་ཆེན་པོ་བསྐྱར་དར། ཀྲུང་གོའི་འགྲོ་ལམ་ལམ་ལྷོངས་འདི་ལྟར་བྱུང་དོན་གང་ཡིན་》ཞེས་པའི་དཔེ་དེབ་དཔེ་སྐྲུན་བྱས། དེབ་དེའི་ནང་ཀྲུང་གོའི་ལོ་རྒྱུས་ལ་གཞི་ཚུགས་ཏེ་ཤར་ནུབ་རིག་གནས་ལ་དབྱེ་ཞིབ་བྱེད་པའི་ཐོག་ནས་རྒྱལ་ཁབ་ཆེན་པོ་བསྐྱར་དར་ཡོང་དོན་ཐད་ཁོང་རང་ཉིད་ཀྱི་འདོད་ཚུལ་མཚོན་པར་གནང་ཡོད། ཞུང་ཅེས་དེབ་འདི་བཏོན་ནས་ནུབ་ཕྱོགས་ཀྱི་ཀློག་པ་པོ་ཚོར་ལྟ་ཚུལ་འདི་འདྲ་ཞིག་བརྒྱུད་བསྒྲགས་བྱ་རྒྱུའི་འདུན་པ་ཡོད་པ་སྟེ། དངོས་འབྲེལ་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཚེ་དཔལ་འབྱོར་རམ་ཡང་ན་དམག་དོན་སྟོབས་ཆེའི་རྒྱལ་ཁབ་ཙམ་མ་ཡིན་པར་མི་རིགས་ཀྱི་རིག་གནས་གདེང་ཚོད་ཀྱི་རྨང་གཞིའི་ཐོག་བསྐྲུན་པའི་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་ཞེས་གསུངས།
         《རྒྱལ་ཁབ་ཆེན་པོ་བསྐྱར་དར། ཀྲུང་གོའི་འགྲོ་ལམ་ལམ་ལྷོངས་འདི་ལྟར་བྱུང་དོན་གང་ཡིན་》ཞེས་པའི་དཔེ་དེབ་དཔེ་སྐྲུན་བྱས་རྗེས་ཕྱི་རྒྱལ་དུ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད། ཞུང་ཅེས་བྱ་བ་དངོས་ལ་བརྟེན་ནས་གཏམ་སྨྲ་བའི་གཟབ་ནན་གྱི་སློབ་སྲོལ་ལ་བརྟེན་པས་རིག་གཞུང་ལས་རིགས་ཀྱི་ཁས་ལེན་ཐོབ་ཡོད། དཔེ་དེབ་དཔེ་སྐྲུན་བྱས་ནས་གང་འཚམ་སོང་རྗེས་ཁོང་ཨ་རིའི་ནུབ་བྱང་སློབ་ཆེན་གྱིས་ཆབ་སྲིད་ཚན་ཁག་ཏུ་སློབ་ཁྲིད་བྱ་རྒྱུར་གདན་ཞུ་བྱས་པ་དང་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ཡི་སློབ་ཆེན་ཞིག་གིས་སློབ་སྤྱིར་གདན་ཞུ་བྱས་བྱུང་ཞེས་གསུངས།
          “སྐབས་དེ་དུས་ང་རང་ཡ་མཚན་ཆེན་པོ་སྐྱེས་བྱུང་། ད་ཆ་བསམ་བློ་གཏོང་དུས་ཕལ་ཆེར་དེབ་འདིའི་རྐྱེན་གྱིས་རེད”ཅེས་ཞུང་ཅེས་དྲན་གསོ་བྱེད་བཞིན་དེ་ལྟར་གསུངས།
          2016ལོར་དེབ་དེའི་རྒྱ་ཡིག་དཔར་མ་ཀྲུང་གོར་དཔེ་སྐྲུན་བྱས་པས་བྲིན་ཁ་རྒྱུག་པོ་བྱུང་ཡོད། ཞུང་ཅེས་ཟླ་ཤས་གོང་ང་པེ་ཅིང་གི་སློབ་ཆེན་ཞིག་ཏུ་སློབ་ཁྲིད་བྱེད་སྐབས་ད་དུང་མི་ཁག་གཅིག་གིས་དེབ་འདི་འཁྱེར་ནས་མིང་འགོད་རྒྱུའི་རེ་བ་འདོན་གྱི་འདུག་ཅེས་གསུངས་བྱུང་།
          ཨ་རི་བས“ཀྲུང་གོའི་ཕུགས་འདུན”ལ་ཤེས་རྟོགས་ཡོང་བ་བྱས་པ།
          2015ལོར་ཞུང་ཅེས་གཙོ་འགན་རྩོམ་སྒྲིག་གནང་བའི་《ཞི་ཅིན་ཕིང་གི་དུས་རབས་》ཞེས་པ་ཨ་རིར་དཔེ་སྐྲུན་བྱས། དེབ་དེའི་ནང་ཞི་ཅིན་ཕིང་གི་སྲིད་སྐྱོང་བའི་ཉམས་མྱོང་དང་ཁོང་གིས་བཏོན་གནང་བའི“ཀྲུང་གོའི་ཕུགས་འདུན”སོགས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་རྒྱུན་དུ་ནས་ཕྱོགས་ཞེན་བྱེད་པའི་ལྟ་ཚུལ་ལ་དྲང་ཕྱོགས་ནས་ལན་བསྐྱོན་ཡོད།
         ཞུང་ཅེས་ངས་ཀྲུང་གོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་མོས་སེམས་ཆེན་པོ་ཡོད། དེབ་འདིས་ནུབ་ཕྱོགས་བ་མང་པོས་དེང་གི་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད། ཉེ་དུས་ངས་ད་དུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཞིབ་ཀློག་བྱས་པ་ཡིན། ལྷག་དོན་དུ་སྙན་སྒྲོན་གྱི་འགོ་བརྗོད་ཀྱི་ཆ་ཤས་སུ་བཏོན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཞེས་པ་ཧ་ཅང་ཡག་པོ་འདུག་ཅེས་གསུངས།
         རྒྱལ་སྤྱིའི་ཆབ་སྲིད་མཁས་དབང་ཡིན་པ་མ་ཟད། ལོ་མང་ཉིའུ་གཡོད་དུ་འཚོ་བ་བསྐྱལ་གནང་བས་ཞུང་ཅེས་ཨ་རིའི་སྤྱི་ཚོགས་ཀྱི་འུད་སྒྲོག་དང་ཕྱོགས་ཞེན་གྱི་ལྟ་ཚུལ་དང་ཀྲུང་གོ་འཁྱོག་བཤད་བྱེད་པའི་སྐད་སྒྲ་གསལ་པོ་མཁྱེན་གྱི་ཡོད། དེར་བརྟེན་ཁོང་གིས་ཀྲུང་གོ་འབུར་དུ་ཐོན་པས་རྒྱལ་ཁབ་ཁག་གཅིག་ལ་སེམས་ཁྲལ་ཆེན་པོ་ཡོད་མོད། འོན་ཀྱང་དུས་ཚོད་ཀྱིས་ར་སྤྲོད་ཡག་པོ་བྱེད་ཐུབ་ངེས་རེད། “ཡུན་རིང་མ་སོང་བར་གྲོང་པ་ཁྱིམ་མཚེས་ཚོས་ཀྲུང་གོས་མི་གཞན་ལ་བརྙས་བཅོས་བྱེད་ཀྱི་མེད་པ་ཤེས་ནས་སེམས་ཁྲལ་བྱེད་རིན་མི་འདུག་སྙམ་གྱི་རེད”ཅེས་གསུངས།
          ཀྲུང་གོའི་འགོ་ཁྲིད་མི་སྣས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་ཞུང་ཅེས་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས་དེ་ཐོག་ནས་མིའི་རིགས་ཀྱི་བྱ་གཞག་ལ་འབད་འཐབ་བྱེད་སེམས་ཆེན་པོ་མངོན་ཐུབ་ལ། ཀྲུང་གོ་བའི་ཁོང་ཡངས་ཀྱང་མངོན་ཐུབ། རང་ཉིད་ཡག་པོ་ཡོང་བ་ཕུད། ཚང་མ་ཡག་པོ་ཡོང་རྒྱུའི་འདུན་པ་ཡོད། “དེ་ནི‘ཨ་རི་ཨང་དང་པོ་ཡིན་པའི’འདོད་ཚུལ་དང་གཏན་ནས་མི་མཚུངས”ཞེས་ངོས་འཛིན་གནང་གི་ཡོད།
          ད་ཆ་ཞུང་ཅེ་གདན་ཞུས་ལྟར་རྟག་ཏུ་ཀྲུང་གོར་སློབ་ཁྲིད་གནང་བར་ཕེབས་ཀྱི་ཡོད། ཁོང་ལ་ཕྲུ་གུ་གཉིས་ཡོད་པ་དང་གཅིག་ཁོང་གི་གམ་དུ་དང་གཅིག་ཤོས་ཧྲང་ཧའེ་རུ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད།
          “རྒྱལ་ནང་དུ་འཕེལ་རྒྱས་ཡག་པོ་བྱུང་བས་ཧྲང་ཧའེ་རུ་ཡོད་པའི་བུས་ཨ་རིར་ལོག་འདོད་བྱེད་ཀྱི་མི་འདུག”ཅེས་གསར་འགོད་པར་གསུངས་བྱུང་། ཁོང་གི་གསུང་ལས་ཕ་ཞིག་གི་བློ་ཕམ་མངོན་ལ་ཀྲུང་གོ་སྟོབས་འབྱོར་མངའ་ཐང་རྒྱས་པ་ལས་བྱུང་བའི་སྤོབས་སེམས་ཀྱང་མངོན་ཐུབ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཁྲེན་དང་ཡོན་གཡོད་ཀྱིས། (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་འབྱོར་པའི་གློག་འཕྲིན།)
      

    ཕྱོགས་བསྡུས་གསར་འགྱུར།