འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཀྲོའུ་དྲུག་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། ལམ་ཐག་ཧྲིལ་པོར་སྤྱི་ལེ་389ཡོད་པ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་འབྲེལ་བ་དང་རྨ་ཆུའི་ཆུ་འགོར་ཡོད་པའི་རྨ་སྟོད་རྫོང་མཛོ་རྒན་རྭ་བ་གྲོང་རྡལ་ནས་གཅིག་སྒྲིལ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་དེ་ཟླ་11ཚེས་13ཉིན་ཤར་གཏོང་ཐུབ་ཡོད། དེར་བརྟེན་གཙང་གསུམ་ཆུ་འགོའི་མགོ་ལོག་ཀྲོའུ་རུ་ལོ་རྒྱུས་ཐོག་གི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཤར་གཏོང་ཐུབ་པ་མ་ཟད། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཀྲོའུ་དྲུག་ཚང་མའི་ལྟེ་བའི་གྲོང་ཁྱེར་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་བར་མྱུར་བགྲོད་གཞུང་ལམ་ཡང་ཤར་གཏོང་ཐུབ་ཡོད།
         མགོ་ལོག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་གྱི་གཉིས་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྦྲེལ་མཐུད་བྱས་པའི་ཆེས་སྟབས་བདེའི་མ་ལམ་ཡིན་པའི་མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་སྦྲགས་མགོ་ལོག་གྲོང་རྡལ་གྱི་རྟ་བོ་གྲོང་རྡལ་ནས་རླངས་འཁོར་བཏང་ཚེ་ཆུ་ཚོད་བདུན་ནང་ཁྲེང་ཏུའུ་རུ་འབྱོར་གྱི་ཡོད། རྟ་བོ་གྲོང་རྡལ་ནས་མཚོ་ནུབ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་གཏེར་ལེན་ཁའི་བར་དེ་སྔ་ཆུ་ཚོད་12འགོར་བ་ནས་ད་ལྟ་ཆུ་ཚོད་4བར་ཐུང་དུ་ཕྱིན་པ་དང་ཡུལ་ཤུལ་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་བར་དེ་སྔ་ཆུ་ཚོད་12ཡན་འགོར་བ་ནས་ད་ལྟ་ཆུ་ཚོད་6བར་ཐུང་དུ་ཕྱིན་ཡོད། མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གཏན་འཁེལ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི“ལྗང་མདོག་འཁོར་སྐྱོད་ཐཱན་ཉུང་དཔེ་སྟོན་ལམ་བུ”དང་པོ་དེ་ཡིན་པ་མ་ཟད། ནུབ་བྱང་རྒྱུད་ཀྱི་ལྗང་མདོག་འཁོར་སྐྱོད་ཐཱན་ཉུང་གཞུང་ལམ་དང་པོ་དེའང་ཡིན། མཐོ་གྲང་དང་གསོ་རླུང་མི་འདང་བ་དང་། སྣོད་བཅུད་ཉམས་ཞན། ལོ་མང་རིང་ས་འཁྱགས་ཐེབས་པ་བཅས་ནི་མཚོ་བོད་ས་མཐོར་གཞུང་ལམ་སྐྲུན་སྐབས་ཀྱི“དཀའ་གནད་ཆེན་པོ་གསུམ”ཡིན། མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་གྱི་ཆ་སྙོམས་ས་བབ་སྨི་4000ཡན་ཟིན་པ་དང་འཛུགས་སྐྲུན་པ་ཚོས“ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་དང་། ཚད་གཞི་ཆུང་ཤོས་ཀྱི་སྒོ་ནས་གཏོར་སྐྱོན། ནུས་པ་ཆེ་ཤོས་ཀྱི་སྒོ་ནས་མ་འཇོག ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སླར་གསོ”བཅས་ཀྱི་འདུ་ཤེས་གཞིར་བཟུང་མཐོ་གྲང་དང་ས་བབ་མཐོ་བའི་ཚོར་སྐྱེན་ས་ཁོངས་ཀྱི་སྣོད་བཅུད་ཁྱད་ཆོས་ལ་དམིགས་ནས་ཆུ་ལམ་གཤོང་བ་དང་བཅོས་སྒྲིག་དང་། ལམ་འགྲམ་གྱི་གྱེན་ངོས་སྔོ་འགྱུར། ཕུག་ལམ་གྱི་ཟོག་རོ་བསྐྱར་སྤྱོད་སོགས་ཁོར་ཡུག་སྲུང་སྐྱོང་གི་ཨར་རྒྱག་བྱས་པ་དང་དུས་མཚུངས་གཙང་པོ་དང་འདམ་ར་བརྒྱུད་དགོས་པའི་ཟམ་ཆེན་ཐོག་ཟམ་ངོས་ཀྱི་ཆུ་འབུད་མ་ལག་སྒྲིག་སྦྱོར་བྱས་པ་དང་ཕུག་ལམ་དང་ཞབས་ཞུའི་ཁུལ་དུ་LEDགློག་སྒྲོན་བཙུགས་ཏེ་ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།