འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་གཞན་ལ་སྨན་བཅོས་ཀྱི་སྨན་རིན་རྩིས་རྒྱག་པའི“མྱུར་ལམ”བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་28ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། མི་སྤྱི་པུའི་འགན་འཁུར་བས་ཁྱབ་བསྒྲགས་བྱས་དོན། རྒྱལ་ཡོངས་སུ་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་ལ་སྡོད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི“མྱུར་ལམ”ཁྱོན་ཡོངས་ནས་བཏོད་དེ་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་བྱ་ཡུལ་ཚང་མར་སྦྲེལ་ནས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་7226ལ་འགྲོ་ས་ཡོད་པ་བཟོས་པ་དང་རྒྱལ་ཡོངས་ཀྱི་རིམ་གསུམ་གནས་གཏན་འཁེལ་གྱི་སྨན་ཁང་88%ལ་དྲ་སྦྲེལ་ཐུབ་ནས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་སྒོར་དུང་ཕྱུར་8.8སྔོན་དུ་བཏང་བ་གཙང་རྩིས་བརྒྱབ་ནས་ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་མཁན་ཚོ་ད་ནས་བཟུང“དངུལ་གཏའ་མར་འཇོག་པ”དང“གང་སར་རྒྱུག”མི་དགོས་པ་བྱུང་ཡོད།
            མི་སྤྱི་པུའི་སྤྱི་ཚོགས་འགན་བཅོལ་བྱ་གཞག་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཅིས་སུང་གིས་ངོ་སྤྲོད་བྱས་དོན། ཡུལ་གཞན་ལ་སྨན་བཅོས་ཀྱི་སྨན་རིན་རྒྱལ་ཡོངས་དྲ་སྦྲེལ་རྩིས་རྒྱག་དེ་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡུལ་སྤོས་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་ལས་འཁྱུར་ངལ་གསོ་རྒྱག་མཁན་ནས་འགོ་བརྩམས་པ་དང་། ད་ཆ་གཞི་རྩའི་སྨན་བཅོས་འགན་བཅོལ་ཁག་ལ་་ཞུགས་མཁན་ཚང་མར་ཁྱབ་ཅིང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་ཡིན་ནའང་འདྲ། འགན་བཅོལ་ནང་ཞུགས་མཁན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་ཡུལ་མི་ཡིན་ནའང་འདྲ་གང་ལྟར་གཏན་འབེབས་བཞིན་སྙན་ཞུ་ཕུལ་་ནས་དེ་འབྲེལ་གྱི་འགྲོ་ལུགས་གཉེར་རིགས་ཚང་མས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་ཁང་ལ་སྡོད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་རིགས་ལ། ད་ཆ་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་། ཡུལ་གཞན་དུ་གནས་སྡོད་ཡུན་རིང་བྱེད་མཁན། ཡུལ་གཞན་དུ་ལས་ཀ་བྱེད་མཁན། ཡུལ་གཞན་དུ་ནད་དཔྱད་བྱེད་པར་བསྒྱུར་བའི་ནད་པ་བཅས་བཞི་ཚུད་ཡོད། ཆ་རྐྱེན་འཛོམས་ནས་ཐད་ཀར་སྨན་རིན་རྩིས་རྒྱག་འདོད་ཡོད་ཚེ། འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་བསྒྲལ་ནས་སྨན་བཅོས་དང་སྨན་ཁང་ལ་སྡོད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག ས་ཁུལ་ཁག་གཅིག་ལ་ཆ་རྐྱེན་འཛོམས་ཤིང་ཡུལ་གཞན་གྱི་སྨན་ཁང་དུ་སྐྱེལ་བའི་ནད་པ་དོད་དྲག་ཅན་ཡང་སྨན་ཁང་གཞན་ལ་སྨན་བཅོས་བྱེད་པར་སྐྱེལ་བའི་ཁྱབ་ཁོངས་སུ་བཅུག་ཡོད།
           ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་པར་ལས་རིམ་ངེས་གཏན་ཞིག་བརྒྱུད་དགོས་པ་སྟེ། དང་པོ་ནི་ཐོ་འགོད་དགོས། དེའང་འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་བསྒྲལ་ནས་སྨན་ཁང་དུ་སྨན་བཅོས་མ་བྱས་གོང་འགན་བཅོལ་ནང་ཞུགས་ཡུལ་གྱི་གཉེར་སྒྲུབ་བྱེད་མཁན་སྒྲིག་གཞིར་ཐོ་འགོད་དགོས། གཉེར་སྒྲུབ་བྱེད་མཁན་སྒྲིག་གཞིས་ཐོ་འགོད་དགོས་པའི་རྒྱུ་མཚན་དང་། ས་གནས་གང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་སོགས་ཀྱི་དགོས་ངེས་ཆ་འཕྲིན་བསྡུ་རུབ་བྱས་ཏེ་རྒྱལ་ཁབ་ཀྱི་རྩིས་རྒྱག་མ་ལག་ནང་འཇུག་གི་ཡོད། གཉིས་པ་ནི་སྨན་བཅོས་བྱ་ཡུལ་གཏན་འཁེལ་བྱེད་་དགོས། དེའང་འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་འདེམས་དགོས། གསུམ་པ་ནི་སྤྱི་ཚོགས་འགན་བཅོལ་གཱ་ཁྱེར་ནས་སྨན་བཅོས་བྱེད་པར་འགྲོ་དགོས་པ་སྟེ། གཱ་འཁྱེར་ནས་བདམས་པའི་སྨན་ཁང་ལ་སྡོད་པའི་འགྲོ་ལུགས་དང་སྨན་ཁང་ནས་དོན་པའི་སྨན་རིན་རྩིས་རྒྱག་དགོས་པ་བཅས་ཡིན།
           ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་པར་ཐོབ་ཐང་གི་ཚད་གཞི་ཅི་ཡོད་ཅེ་ན། མི་སྤྱི་པུའི་སྨན་བཅོས་འགན་བཅོལ་སིའི་སི་ཀྲང་གཞོན་པ་ཡན་ཆིང་ཧུད་ཀྱིས་ངོ་སྤྲོད་བྱས་དོན། གཅིག་ནས་སྨན་བཅོས་ཀྱི་ཐོ་འགོད་དཀར་ཆག་གཞིར་གཟུང་རྒྱུ་སྟེ། དེའང་འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་བསྒྲལ་ནས་སྨན་བཅོས་བྱེད་པའི་སྐབས་རྩ་དོན་ཐོག་ས་ཆ་དེ་རང་གི་སྨན་བཅོས་གཏོང་སྤྲོད་ཀྱི་ཁྱབ་ཁོངས་བཞིན་ལག་ལེན་བསྟར་རྒྱུའི་ནང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་ཐོའི་དཀར་ཆག་དང་། ནད་དཔྱད་སྨན་བཅོས་རྣམ་གྲངས། ཞབས་ཞུའི་སྒྲིག་ཆས་ཀྱི་ཚད་གཞི་བཅས་ཚུད་ཡོད། གཉིས་ནས་འགན་བཅོལ་གང་དུ་བྱས་པ་དེས་སྨན་རིན་སྤྲོད་པའི་སྲིད་ཇུས་ཏེ། འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐད་རྩ་དོན་ཐོག་འགན་བཅོལ་བྱ་ཡུལ་གྱིས་སྨན་རིན་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་བ་ཡིན། དེའི་ནང་སྨན་བཅོས་འགན་བཅོལ་ཐེབས་རྩའི་མ་མཐའི་གཏོང་སྤྲོད་ཚད་གཞི་དང་། གཏོང་བའི་བསྡུར་ཚད། གཏོང་མང་ཤོས་སོགས་ཚུད་ཡོད། གསུམ་ནས་སྨན་བཅོས་བྱ་ཡུལ་གང་དེས་དོ་དམ་བྱེད་པ། དེའང་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ས་གནས་དེ་གའི་གཉེར་སྒྲུབ་བྱེད་མཁན་སྒྲིག་གཞིས་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ལ་ས་གནས་འདི་གའི་འགན་བཅོལ་ནང་ཞུགས་མཁན་དང་གཅིག་མཚུངས་ཀྱི་ཞབས་ཞུ་དང་དོ་དམ་བྱེད་པ་བཅས་གཙོ་བོ་ཕྱོགས་གསུམ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།