འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་རིགས་གཅིག་མཁས་ཅན་ཕ་ཁི་སི་ཐན་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ་ཕ་ཁི་སི་ཐན་ཤར་རྒྱུད་ཀྱི་ཕང་ཀྲེ་ཕུའུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལཱ་ཧར་གྱི་ཕྱིའི་དྲོད་ཚད་ཧྲེ་ཧྲི་ཏུའུ་37དུ་སླེབས་པས་གསར་འགོད་པ་རླངས་འཁོར་ནས་བབས་སྐབས་ཚ་དུག་ཤིན་ཏུ་ཆེ་བའི་སྣང་བ་ཞིག་སྦྱིན། ཡོན་ལུང་ཕིང་ཞིང་ལས་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སིའི(ལུང་ཕིང་ཚན་རྩལ་མཐོ་བ་ཞེས་བསྡུ་རྒྱུ)ཀྲུང་གོ་ཕྱོགས་ཀྱི་གསོ་སྦྱོང་མི་སྣས་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣ། འབྲུ་འདེབས་ཞིང་དུད་སོགས་ལས་གྲུབ་པའི་ཕ་ཁི་སི་ཐན་གྱི་སློབ་མ་30ཁྲིད་ནས་ལཱ་ཧར་གྲོང་འདབས་ཀྱི་རྒྱུད་འདྲེས་ཆུ་འབྲས་ཚོད་ལྟའི་ཞིང་ནང་དུ་བསྐྱོད་ནས་བརྟག་ཞིབ་སློབ་ཁྲིད་བྱས་པ་རེད།
         སྐྱེ་བཟང་བའི་རྒྱུད་འདྲེས་ཆུ་འབྲས་ཐོན་མཐོའི་དཔེ་སྟོན་འདེབས་གསོའི་ཞིང་འགྲམ་དུ་ལུང་ཕིང་ཚན་རྩལ་མཐོ་བའི་རྒྱལ་སྤྱིའི་ལས་སྒོ་པུའུ་ཡི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཤིའུ་སུང་ཕ་ཁི་སི་ཐན་གྱི་སློབ་མ་ཚོས་བསྐོར་ནས་འདུག སློབ་མ་ཚོས་ནན་ཏན་ངང་རྒྱུད་འདྲེས་ཆུ་འབྲས་ཀྱི་སྣ་ཁ་དང་། ཁྱད་ཆོས། ལེགས་ཆ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཉན་པ་མ་ཟད། ལག་ཏུ་སྨྱུ་གུ་དང་ཟིན་བྲིས་དེབ་འཁྱེར་ནས་ངོ་གདོང་རྔུལ་ཆུས་ཚོས་ཀྱང་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་འགྲེལ་བཤད་ཐོ་འགོད་བྱེད་བཞིན་འདུག མ་ཤེས་པའི་གནད་དོན་འཕྲད་སྐབས་ཐེ་ཚོམ་མེད་པར་སྐད་ཆ་འདྲི་བ་དང་འབྲེལ་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་བློ་ཡིད་ཚིམ་པའི་ལན་བརྒྱབ་སྐབས་མགོ་བོ་ལྕོག་ལྕོག་བྱེད་བཞིན་འདུག
         ཝང་ཤིའུ་སུང་གིས་གསར་འགོད་པར་ལག་ལེན་སློབ་ཁྲིད་ནི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བརྟན་དུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། རིགས་གཅིག་མཁས་ཅན་དང་སློབ་མ་ཚོས་ཞིང་ནང་དུ་སྦྱངས་པའི་ཉམས་མྱོང་དང་དངོས་དཔེ་བསྡུར་བ་དང་། ལོ་ཏོག་སྐྱེ་ཚུལ་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་མ་ཟད་སླར་ཡང་ལག་ལེན་གྱི་རྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་དེ་བས་གཏིང་ཟབ་ཏུ་འགྲོ་བ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
        མིག་ཤེལ་བཏགས་པ་དང་ཨ་ར་སོབ་སོབ་ཡོད་པའི་ཕ་ཁི་སི་ཐན་བ་ཞིག་གིས་ཀྲུང་གོའི་རིགས་གཅིག་མཁས་ཅན་ལ་རྒྱུད་འདྲེས་ཆུ་འབྲས་ཀྱི་གནས་ཚུལ་སྐད་ཆ་ཞིབ་ཕྲ་འདྲི་བཞིན་འདུག མིང་ལ་མོ་ཧན་མོ་ཏེ·སཱ་པའར་ཟེར་བའི་སློབ་མ་དེ་ལཱ་ཧར་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་ཆུ་འབྲས་ཞིབ་འཇུག་སྒྲིག་གཞི་ཞིག་གི་སོན་གསོ་རིགས་གཅིག་མཁས་ཅན་ཞིག་ཡིན་པ་ཤེས་བྱུང་། སཱ་པའར་གྱིས་སྤོབས་པ་དང་བཅས་གསར་འགོད་པར་ང་ཚོའི་སྒྲིག་གཞིས་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་པཱ་སི་མཱ་ཏེའི་ཆུ་འབྲས་བཏབ་པ་ནས་བཟུང་། མིང་གྲགས་ཆེ་རུ་ཕྱིན་ཡོད། ཁོང་གིས་གང་འདྲ་བྱས་ཏེ་པཱ་སི་མཱ་ཏེའི་ཆུ་འབྲས་ཀྱི་སྲོལ་རྒྱུན་སྤུས་ཚད་མི་ཉམས་པ་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་ལག་རྩལ་སློབ་སྦྱོང་བྱས་ནས་ཐོན་ཚད་འཕར་བ་བྱ་རྒྱུ་ཡིན་ལུགས་ཀྱི་སྐོར་བརྗོད་བྱུང་།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཕ་ཁི་སི་ཐན་གྱི་ཆུ་འབྲས་འདེབས་འཛུགས་ལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་280ཟིན་མོད། འོན་ཀྱང་རྒྱུད་འདྲེས་ཆུ་འབྲས་ཁྱབ་གདལ་གཏོང་ཚད་ཉུང་བར་བརྟེན། ཆུ་འབྲས་སྤྱི་ཆིང་རེའི་ཆ་སྙོམས་ཐོན་ཚད་ཏུན་2.4ལས་ཟིན་གྱི་མེད། ཕ་ཁི་སི་ཐན་དུ་བཏབ་པའི་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱི་སྤྱི་ཆིང་རེའི་ཆ་སྙོམས་ཐོན་ཚད་ཏུན་8ཟིན་གྱི་ཡོད། གལ་ཏེ་ཕ་ཁི་སི་ཐན་གྱིས་ཆུ་འབྲས་ཞིང་ཁའི་ནང་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་འདེབས་གསོ་བྱས་ན་ལོ་ལྟར་ཐོན་འཕར་ཏུན་ཁྲི་1000ཡན་ཟིན་རྒྱུ་རེད།
         སཱ་པའར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར“ངས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭས་སྤེལ་བའི་ཞིང་ནང་བརྟག་ཞིབ་དང་སློབ་ཁྲིད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་གྱིས་མཉམ་དུ་ཟས་ཟ་བ་དང་། མཉམ་དུ་སྡོད་པ། མཉམ་དུ་ཞིང་ནང་དུ་བསྐྱོད་པ་བཅས་བྱས་པས་ཉམས་མྱོང་སྤེལ་རེས་བྱ་རྒྱུར་རྩ་ཆེའི་གོ་སྐབས་ཐོབ་བྱུང”ཞེས་བརྗོད་བྱུང་།
         ཕ་ཁི་སི་ཐན་གྱི་ཙུང་ལིའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དམིགས་སའི་ལས་རོགས་ནཱ་སེར·དབྱི་ཁེ་པར·པོ་སར་གྱིས་ཆུ་འབྲས་ནི་ཕ་ཁི་སི་ཐན་གྱི་བཟའ་བཅའ་མཁོ་སྤྲོད་ཀྱི་ཟས་རིགས་ཆེ་གྲས་གཉིས་པ་དེ་ཡིན་ལ། རྒྱལ་ཁབ་དེའི་ཕྱིར་གཏོང་དངུལ་འགྲུལ་གཏོད་པའི་ཞིང་ལས་སྐྱེ་དངོས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེས་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་དང་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་སྔར་བས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་མི་སྣའི་དབར་སྤེལ་རེས་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད། “ཀྲུང་གོས་ང་ཚོར་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་བསླབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
         ཕ་ཁི་སི་ཐན་ཞིང་ལས་ཞིབ་འཇུག་ཨུ་ལྷན་གྱི་ཀྲུའུ་ཞི་ཡུས་སུའུ་ཕུའུ·ཀྲ་ཧྥར་གྱིས་གསར་འགོད་པར“ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེས་རྒྱལ་ཁབ་གཉིས་ཀྱིས་ཞིང་ལས་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་ཐེབས་རྒྱུ་རེད། འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱིས་ཞིང་ལས་ཀྱི་སྒྲོམ་གཞིའི་འོག་མཉམ་ལས་ཀྱི་ཁྱབ་རྒྱ་དེ་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཕ་ཁི་སི་ཐན་གྱིས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་ང་ཚོའི་རྒྱལ་ཁབ་ཀྱི་ཞིང་ལས་ཡུན་རིང་འཕེལ་རྒྱས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།