འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་མངོན་མིན་རིག་གནས་
    ཤུལ་བཞག་འགྲེམས་སྟོན་དེ་ཐེ་ལན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ཀྲུང་གོའི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་དེ་པང་ཁོག་ཏུ་གནས་པའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་བ་རེད། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་ཀྱིས་ཐེ་ལན་གྱི་ལྟད་མོ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད།
        རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དེ་ཀྲུང་གོའི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱུང་རྒྱུད་དུ་གནས་པ་དང་དེ་ནི་ཀྲུང་གོའི་བོད་རིགས་དང་ཆའང་རིགས་འདུས་སྡོད་ཁུལ་གཙོ་གྲས་ཤིག་རེད། ད་ཐེངས་ཀྱི་བྱེད་སྒོར་རིག་རྩལ་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁག་གཉིས་ཚུད་ཡོད། དེའི་འགྲེམས་སྟོན་གྱི་ཆ་ཤས་སུ་བོད་རིགས་ཀྱི་རྒྱན་གོས་བཟོ་རྩལ་དང་། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན། མཎི་རྡོ་བརྐོས་ལག་རྩལ། བོད་རིགས་ཀྱི་ཤིང་བརྐོས། ཐང་ག་སོགས་ཐོན་རྫས་བཤམས་པ་མ་ཟད། ས་གནས་ས་ཐོག་ཏུ་བོད་ཀྱི་སྤོས་བཟོ་བ་དང་ཆའང་རིགས་ཀྱི་གླིང་བུ་དཀྲོལ་བ་སོགས་བྱས་ཡོད་པ་རེད།
        འགོ་འཛུགས་མཛད་སྒོའི་དགོང་མོའི་རིག་རྩལ་འཁྲབ་སྟོན་ཐོག་འཁྲབ་སྟོན་པ་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་དཔུང་དྲིལ་ཞབས་བྲོ་སོགས་འཁྲབ་པ་དང་དེ་བཞིན་རོལ་དབྱངས་དང་མི་རིགས་ཀྱི་རོལ་ཆ་དཀྲོལ་གཏོང་དང་རྒྱན་གོས་འགྲེམས་སྟོན་སོགས་ཀྱི་ལེ་ཚན་བཅུ་གྲངས་གཉེར་ནས་ལྟད་མོ་བས་ཀྲུང་གོའི་ཕུལ་བྱུང་གི་མི་རིགས་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཉམས་སུ་མྱོང་ཐུབ་པ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་སྟོན་ཚོགས་པས་ད་དུང་ཚེས་24ཉིན་ཐེ་ལན་ལུའོ་ཡུང་བཟོ་ལས་གླིང་ཁུལ་དུ“ཀྲུང་གོའི་རིག་གནས་ཁེ་ལས་སུ་བསྐྱོད་པའི”འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་བྱེད་སྒོར་ཞུགས་རྒྱུ་རེད། གླིང་ཁུལ་དེའི་ནང་ཀྲུང་གོ་དང་། རི་པིན། ཐེ་ལན་སོགས་རྒྱལ་ཁབ་མང་པོའི་ཁེ་ལས་བཅའ་སྡོད་བྱས་ཡོད་ལ་ཐེ་ལན་གྱི་བཟོ་པ་ཁྲི་བཅུ་གྲངས་དེ་གར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་ཀྱི་ཡོད། འགྲེམས་སྟོན་དེ་ཟླ་10ཚེས་2ཉིན་མཇུག་འགྲིལ་རྒྱུ་རེད།
          ད་ཐེངས་ཀྱི་འགྲེམས་སྟོན་བྱེད་སྒོ་དེ་པང་ཁོག་ཏུ་གནས་པའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་། པེ་ཅིང་མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐེབས་རྩ་ལྷན་ཚོགས། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།