འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་
    འགྱུར་ཡོང་བར་སྒེར་གཉེར་ཁེ་ལས་གལ་འགངས་ཤིན་ཏུ་ཆེ་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གཉེར་བའི་སྒེར་གཉེར་ཁེ་ལས་ཀྱི་གླེང་སྟེགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྒེར་གཉེར་ཁེ་ལས་གལ་འགངས་ཤིན་ཏུ་ཆེ་ཞེས་བཤད།
         སྒེར་གཉེར་ཁེ་ལས་ཀྱི་གླེང་སྟེགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་72པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་མ་བྱས་གོང་གཉེར་བ་ཞིག་དང་། འཛམ་གླིང་ས་གནས་ཁག་གི་ཁེ་ལས་མཁས་ཅན་དང་། ཆབ་སྲིད་མཁས་ཅན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་བཅས་ཁྱོན་མི་གྲངས་300ཙམ་ད་རེས་ཀྱི“2030ལོའི་གྲོས་རིམ་ལ་མ་དངུལ་མཉམ་འདྲེས་དང་། དར་རྒྱས་ལ་དཀའ་ངལ་སེལ་བ”ཡིས་བརྗོད་དོན་གཙོ་བོ་བྱས་པའི་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
         ཀུ་ཐེ་ལེ་སིས་གླེང་སྟེགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་17མངོན་འགྱུར་ཡོང་བ་བྱེད་པར་ཨ་སྒོར་དུང་ཕྱུར་ཁྲི་3ནས་དུང་ཕྱུར་ཁྲི་5ཙམ་བར་དགོས་ཀྱི་ཡོད་པས་སྒེར་གཉེར་ཁེ་ལས་དང་མ་འཇོག་ཚོང་པ་དེར་མ་ཞུགས་ཚེ་འཆར་གཞི་དེ་སྒྲུབ་ཐབས་བྲལ་ཞེས་བཤད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་17ལྟེ་བར་འཛིན་པ་དང་། དེའི་དམིགས་ཡུལ་ནི་དབུལ་པོ་མེད་པར་བཟོ་བ་དང་། བཀྲེས་ལྟོགས་སེལ་བ། ཕོ་མོ་འདྲ་མཉམ་ལ་སྐུལ་མ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།