འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་ཆེད་དོན་མ་དངུལ་གཏོང་ཤུགས་ཟམ་མི་
    ཆད་པར་མང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2000ལོ་ནས་དངོས་སུ་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན། རྒྱལ་ཁབ་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་ཆེད་དོན་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་སྟེ། 2000ལོའི་སྒོར་དུང་ཕྱུར་0.15ནས་2015ལོའི་སྒོར་དུང་ཕྱུར་23.36བར་མང་དུ་བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་139.36ཟིན་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚམས་ཁོ་ནར་སྒོར་དུང་ཕྱུར་117.27བཏང་ཡོད་པ་རེད།
          འདི་ནི་ཚེས་19ཉིན་འཚོགས་པའི“སྤྲོ་སེམས་འཁོལ་བའི་ངང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ·མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་མཐའ་མཚམས་བྱ་སྤྱོད”ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།
          སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དཔལ་འབྱོར་འཕེལ་རྒྱས་སིའི་སི་ཀྲང་གཞོན་པ་ཕེང་ཙེ་ཁྲང་གིས་མཐའ་དར་དམངས་ཕྱུག་བྱ་སྤྱོད་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི“མཐའ་མཚམས་དར་རྒྱས་གཏོང་བ་དང་མཐའ་མཚམས་མི་དམངས་ཕྱུག་པོ་ཆགས་པ་བྱེད་པའི”བྱ་ཐབས་གལ་ཆེན་ཞིག་རེད། བྱ་ཐབས་དེའི་སྐུལ་འདེད་འོག་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་ཤིག་ཏུ་སླེབས་ཡོད་ཅེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་8596.1ཟིན་པ་དེ་2010ལོ་ལས་66.6%འཕར་བ་དང་། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་573.1ཟིན་པ་དེ་2010ལོ་ལས་81.5%འཕར་བ། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་མཐའ་མཚམས་ས་ཁུལ་དུ་གཞུང་ལམ་ལམ་ཚད་སྤྱི་ལེ་ཁྲི་2.2རིང་དུ་ཕྱིན་པ་དང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་18ནས་47བར་མང་དུ་ཕྱིན་པ། 2015ལོར་མཐའ་མཚམས་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9487ཟིན་པ་དེ་2010ལོ་ལས་101.9%འཕར་བ་དང་ཆ་སྙོམས་ལོ་རེར་15.1%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་2.38ཀྱིས་མཐོ་བ་ཡོད་པ་རེད།
         མཐའ་དར་དམངས་ཕྱུག་བྱ་སྤྱོད་སྤེལ་ཁོངས་ནང་རང་རྒྱལ་གྱི་སྐམ་སའི་མཐའ་མཚམས་རྫོང་(ཆི་དང་། གྲོང་ཁྱེར། གྲོང་ཁྱེར་ཐད་སྐྱོང་ཆུས)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་མཐའ་མཚམས་ཐོན་ར་བཅས་ཚུད་ཡོད་པ་རེད།
         འདི་ལོའི་ཟླ་6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》པར་འགྲེམས་བྱས་པ་དེ་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གཅིག་པ”དང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དང་གཅིག་རྒྱུན་གཅིག་འཛིན་བྱས་པ་ཞིག་རེད་ལ། དུས་བབ་དང་ལས་འགན་གསར་པ་གཞིར་བཟུང་ཁ་གསབ་དང་ལེགས་སྒྲིག་བྱས་པ་ཞིག་ཀྱང་རེད། ད་ཐེངས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་གཉེར་བའི“མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་མཐའ་མཚམས་བྱ་སྤྱོད”ཀྱི་བཅར་འདྲིའི་ལས་དོན་ནང་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་གོང་གི་ལོ་ལྔའི་འཆར་གཞི་གཉིས་ཀྱི་གྲུབ་འབྲས་ལ་དམིགས་ནས་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།