མི་དམངས་དྲ་བ།

༄༅།།ཕྱི་འབྲེལ་པུའུ་ཡིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུས་
ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་བསྒྲིལ་ནས་ཕྱོགས་འགལ་དོ་དམ་ཚོད་འཛིན་
འོས་འཚམ་བྱ་དགོས་ཞེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་20ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཚེས་20ཉིན་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོས་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་བསྒྲིལ་ནས་ཕྱོགས་འགལ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ཏེ་དབྱི་རན་གྱི་ཉིང་རྡུལ་སྐོར་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བརྟན་ཞིང་ཡུན་རིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
         ལུའུ་ཁང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་འབྲེལ་ཡོད་ཀྱི་དྲི་བར་ལ་ལན་འདེབས་སྐབས། གྲོས་མོལ་བྱས་པ་བརྒྱུད་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་རྒྱལ་ཁབ་དྲུག་དང་དབྱི་རན་གྱིས་ཚེས་20ཉིན་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་འཚོག་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་དབྱི་རན་གྱི་ཉིང་རྡུལ་སྐོར་གྱི་ཁྱོན་ཡོངས་གྲོས་མཐུན་ལག་བསྟར་འཕེལ་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་མཐུན་རྗེས་མཐུད་ལག་བསྟར་བྱ་རྒྱུར་ཆབ་སྲིད་ཁྲིད་སྟོན་མཁོ་འདོན་བྱ་ཆེད་ཡིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཚོགས་འདུར་ཞུགས་རྒྱུ་རེད་ཅེས་བརྗོད་པ་རེད། 
         ཁོང་གིས་ཁྱོན་ཡོངས་ཀྱི་གྲོས་མཐུན་ནི་རྒྱལ་སྤྱིའི་བདེ་འཇགས་ངང་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ཤེས་ལ་བརྟེན་ནས་རྒྱལ་སྤྱིའི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱ་ཐབས་དཔེ་འོས་ཤིག་ཀྱང་ཡིན་པས། རྒྱལ་སྤྱིའི་ཉིང་རྡུལ་མཆེད་འགྲེམས་མི་འགྲོ་བའི་མ་ལག་དང་དབུས་ཤར་ས་རྒྱུད་ཞི་བདེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་མཐུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། གྲོས་མཐུན་ལག་བསྟར་བྱ་རིམ་དུ་གཏིང་ཟབ་ཞུགས་རྒྱུ་ཡིན་ཞེས་བསྟན་པ་རེད།