འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་རང་རྒྱལ་གྱིས་འཛམ་གླིང་ཐོག་དྭངས་གཙང་ནུས་ཆེའི་སོལ་གློག་
    མ་ལག་ཆེ་ཤོས་ཤིག་བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་21ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། ཁོར་ཡུག་སྲུང་སྐྱོང་པུའུ་རླུང་ཁམས་ཆེན་པོའི་ཁོར་ཡུག་དོ་དམ་སིའི་སི་ཀྲང་ལིའུ་པིང་ཅང་གིས། ཟླ་དྲུག་པའི་ཟླ་མཇུག་བར་རང་རྒྱལ་གྱི་རྡོ་སོལ་གློག་ཁང་གིས་ཕྱིར་འབུད་བྱེད་ཚད་ཧ་ཅང་དམའ་བའི་ཆན་ཝ་དུང་ཕྱུར་5.7ཟིན་པའི་འཕྲུལ་ཙུའུ་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་དེས་སོལ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་ཕྱིར་གཏོང་བྱེད་ཚད་ཀྱི་སྤྱིའི་བསྡོམས་འབོར་གྱི་60%ཟིན་ཡོད། དེའི་ནང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་དུ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་ཤར་རྒྱུད་ས་ཁུལ་དུ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་འཛམ་གླིང་ཐོག་དྭངས་གཙང་ནུས་ཆེའི་སོལ་གློག་མ་ལག་ཆེ་ཤོས་ཤིག་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
          ཉིན་དེར་འཚོགས་པའི“ཀྲུང་གོའི་སོལ་གློག་དྭངས་གཙང་འཕེལ་རྒྱས་དང་ཁོར་ཡུག་གི་ཤུགས་རྐྱེན་ཁྱབ་བསྒྲགས་བགྲོ་གླེང་ཚོགས་འདུའི”ཐོག་ལིའུ་པིང་ཅང་གིས་གོང་གི་སྐད་ཆ་དེ་དག་བཤད་པ་རེད།
          ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་སོལ་གློག་དྭངས་གཙང་འཕེལ་རྒྱས་གཏོང་བའི་སྙན་ཞུའི་》ནང་རང་རྒྱལ་གྱི་རྡོ་སོལ་གློག་ཁང་དུ་རླུང་ཁམས་ཆེན་པོའི་སྦགས་བཙོག་དངོས་པོ་ཚོད་འཛིན་སྒྲིག་བཀོད་ཁྱོན་ཡོངས་ནས་སྒྲིག་སྦྱོར་བྱས་ཟིན་པ་བསྟན་ཡོད། 2016ལོར་རང་རྒྱལ་གྱི་ཚན་པའི་མེ་ཤུགས་གློག་གཏོང་གི་དུ་སྙིགས་དང་། དབྱང་གཉིས་ཟི་རྫས། ཏན་དབྱང་འགྱུར་རྫས་བཅས་ཕྱིར་འབུད་བྱེད་ཚད་ཁེ་0.08དང་། ཁེ་0.39 ཁེ་0.36བཅས་སོ་སོར་ཆག་པ་དང་། མེ་ཤུགས་གློག་གཏོང་ཐད་རྡོ་སོལ་སྤྱོད་ཚད་ཆན་ཝ་ཆུ་ཚོད་རེར་ཁེ་312བར་ཆག་པ་དང་གློག་གཏོང་བའི་ཐད་ཆུ་སྤྱོད་ཚད་ཆན་ཝ་ཆུ་ཚོད་རེར་སྟོང་ཁེ་1.3བར་ཆག་པ། འབྲེལ་ཡོད་དམིགས་ཚད་ཚང་མ་འཛམ་གླིང་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བཅས་མངོན་ཡོད།
         དེ་དང་འདྲ་བ་ནི་རང་རྒྱལ་དུ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་རྒྱལ་སྤྱིའི་ཐོག་འགྲན་ནུས་ཆེ་ཙམ་ལྡན་པའི་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཞིབ་དབྱེའི་ཁྱབ་ཁོངས་ཤིག་ཆགས་ཡོད། ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་ཐོན་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དབྱི་པིན་གྱིས། མིག་སྔར་རང་རྒྱལ་དུ་སོལ་གློག་གི་དུ་སྙིགས་ནས་མུ་ཟི་འདོན་པ་དང་ཟེ་སྐྱུར་འདོན་པ། དུ་རྡུལ་སེལ་བ་བཅས་བྱེད་མཁན་རྐང་འཛིན་ཁེ་ལས་བརྒྱ་གྲངས་ཡོད། 2016ལོར་སོལ་གློག་གི་དུ་སྙིགས་སྦགས་བཙོག་ཚོད་འཛིན་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་490ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།