འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་གྲོང་ཁྱེར་ཞིག་ཏུ་མི་རྒྱུད་ནག་པོ་ཞིག་མེ་མདས་བསད་མཁན་ཉེན་རྟོག་པར་ཉེས་
    མེད་ཁྲིམས་གཅོད་བྱས་པས་དྲག་ཤུགས་ཀྱིས་རྒོལ་གཏམ་གཏོང་བའི་བྱེད་སྒོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན་ཨ་རིའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། མི་རྒྱུད་ནག་པོ་ཞིག་མེ་མདས་བསད་མཁན་ཉེན་རྟོག་པར་ཉེས་མེད་ཁྲིམས་གཅོད་བྱས་པས། ཨ་རིའི་སྨི་སུའུ་ལི་མངའ་སྡེ་ཧྲེང་ལུའུ་དབྱི་སི་གྲོང་ཁྱེར་དུ་ཚེས་16ཉིན་གྱི་དགོང་མོར་དྲག་ཤུགས་ཀྱིས་རྒོལ་གཏམ་གཏོང་བའི་བྱེད་སྒོ་བྱུང་ནས་ཚོང་ཁང་ཁ་ཤས་གཏོར་བརླག་བཏང་བ་དང་ཉེན་རྟོག་པ་9ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ཚེས་15ཉིན་ས་གནས་དེ་གའི་ཁྲིམས་དཔོན་གྱིས་དཔང་རྟགས་ཁུངས་བཙན་མེད་པའི་དབང་གིས་2011ལོར་ཉེས་བགྲང་ཞུ་གཏུག་ཐེབས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱུད་པ་ཡིན་པའི་གཞོན་ནུ་མེ་མདས་བསད་མཁན་ཧྲེང་ལུའུ་དབྱི་སི་གྲོང་ཁྱེར་གྱི་ཉེན་རྟོག་པ་ཟུར་པ་ཅ་སེང·སི་ཐུའོ་ཁེ་ལི་ལ་ཉེས་མེད་ཁྲིམས་གཅོད་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། 2011ལོའི་ཟླ་12ཚེས་20ཉིན། སི་ཐུའོ་ཁེ་ལི་ཡིས་ཐེངས་ཤིག་ལས་འགན་སྒྲུབ་པའི་བྱ་རིམ་ཁྲོད་ལོ་24ཡིན་པའི་ཨན་ཏུང་ཉི·ལ་མར·ཧྲི་སྨི་སི་མེ་མདས་བསད་པ་རེད། སི་ཐུའོ་ཁེ་ལི་ཡིས་རང་ཉིད་ཀྱིས་སྐབས་དེར་ཧྲི་སྨི་སི་ཡིས་དུག་རྫས་འཚོང་བཞིན་ཡོད་པ་མ་ཟད་རླངས་འཁོར་ཐོག་གི་མེ་མདའ་ལེན་རྩིས་ཡང་ཡོད་པའི་དོགས་པ་སྐྱེས་པས་མེ་མདའ་བརྒྱབ་ནས་ཧྲི་མི་སི་བསད་པ་ཡིན་ཞེས་བརྗོད་པ་རེད།
         རྒོལ་གཏམ་གཏོང་བའི་བྱེད་སྒོ་ཚེས་15ཉིན་ནས་འགོ་བརྩམས་པ་དང་། ཚེས་16ཉིན་གྱི་དགོང་མོར་རྒོལ་གཏམ་གཏོང་མཁན་ཉུང་ཤས་ཤིག་ཧྲེང་ལུའུ་དབྱི་སི་གྲོང་ཁྱེར་གྱི་ཉེ་འདབས་ཟོག་ཉོ་ལྟེ་གནས་སུ་འདུ་འཛོམས་བྱས་ནས་ཚོང་ཁང་གི་བཀྲམ་དངོས་ཤེལ་སྒྲོམ་ཐལ་རྡུལ་དུ་རློག་པ་མ་ཟད། ཉེན་རྟོག་པ་དང་གདོང་གཏུག་བརྒྱབ་སྟེ་ཉེན་རྟོག་པར་སོ་ཕག་དང་ཤེལ་དམ་ཡང་འཕངས་པ་དང་། ཉེན་རྟོག་པས་མཆི་ཤོར་སོལ་རླངས་དང་འགྱིག་བཟོས་མདེའུ་སྤྱད་ནས་རྒོལ་ལན་བསློགས་པ་རེད། 
         གནས་འཕྲིན་གྱིས་ཉེན་རྟོག་ཕྱོགས་ཀྱི་ཆ་འཕྲིན་དྲངས་ནས་ཚེས་16ཉིན་གྱི་དགོང་མོའི་དྲག་ཤུགས་ཀྱིས་རྒོལ་གཏམ་གཏོང་བའི་བྱེད་སྒོའི་ཁྲོད་དུ། ཚོང་ཁང་20ལྷག་གཏོར་བ་དང་། ཉེན་རྟོག་པའི་རླངས་འཁོར་5གཏོར་ལ། ཉེན་རྟོག་པ་9ལ་རྨས་སྐྱོན་ཡང་ཕོག་པ་རེད། དྲག་ཤུགས་ཀྱིས་རྒོལ་གཏམ་གཏོང་མཁན་30ལྷག་འཛིན་བཟུང་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།