འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་གཏོད་བྱས་ནས་ཕུགས་འདུན་འགྲུབ་བཞིན་ཡོད་ཅེས་བརྗོད་པ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཏན་ཧྭ་ཡིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་18ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཁྱོན་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ལ་བཞག་སྟེ་རང་རྒྱལ་གྱི་ཚན་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཤེས་ལྡན་མི་སྣ་རྩེ་གྲ་དེ་བས་མང་བ་རྒྱལ་ནང་དུ་ལོག་རྒྱུའི་བློ་སེམས་བཀུག་ནས་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་སེམས་དེ་མེས་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་གྱི་རླབས་ཆེའི་བྱ་གཞག་ཆེན་པོར་མཉམ་འདྲེས་ཐུབ་པ་དང་མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་རླབས་ཆེའི་འབད་འཐབ་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་པའི་ཡིད་ཆེས་ཡོད”ཅེས་སྐད་ཆ་དེ་བརྗོད་མཁན་ཧོང་ཝུའེ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མིའི་ཤེས་ལྡན་མི་སྣའི་ཕུལ་བྱུང་འཐུས་མི་ཞིག་རེད། འདི་ལོའི་ཟླ་4པར་ནན་ཅིན་བཟོ་ལས་སློབ་ཆེན་ནས་ནུབ་བྱང་བཟོ་ལས་སློབ་ཆེན་དུ་སློབ་ཁྲིད་སྤེལ་རེས་བྱེད་པར་བསྐྱོད་དེ་རྒྱུན་ལས་སློབ་སྤྱི་གཞོན་པའི་འགན་ཁུར་ཡོད་པ་རེད།
          “རང་ལྟོས་དང་། གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་གཙོ་བོའི་ལག་ཐོགས་ཁ་པར་རྩེ་གྲའི་བརྙན་ཤེལ་ཚང་མ་འདོན་ཐེངས་གསུམ་པའི་འཆར་ཆས་ལག་རྩལ་OLEDརེད། དེ་ནི་རང་འདོན་འོད་འཕྲོའི་ལག་རྩལ་རེད། གཤེར་ཤེལ་དང་བསྡུར་ན་མིག་ལ་གནོད་འཚེ་ཕོག་ཚད་དེ་བས་ཆུང་བ་ཡོད”ཅེས་ཧོང་ཝུའེ་ཡིས་ཁུག་མ་ནས་ལག་ཐོགས་ཁ་པར་བཏོན་ཏེ་དེ་ལྟར་བརྗོད་པ་དང་། དེའི་ཐད་ཁོང་གིས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག
         དུས་རབས་གོང་མའི་ལོ་རབས་90པར་རྒྱལ་སྤྱིའི་གྲགས་ཅན་ཁེ་ལས་མང་པོ་ཞིག་གིས་དེ་བས་སྔོན་ཐོན་དང་དེ་བས་སྐྱོན་བྲལ་གྱི་ཕན་ཚུན་མཐུན་སྦྱོར་གྱི་གློག་གིས་འོད་འཕྲོའི་འཆར་ཆས་(OLED)ལག་རྩལ་འཕེལ་རྒྱས་གཏོང་རྩིས་བྱས་ཡོད། འོན་ཀྱང་པར་ངོས་རི་མོའི་ཚོན་མདོག་བརྟན་པོ་མེད་པ་དང་དེ་བཞིན་ལག་ཐོགས་ཁ་པར་སྤྱོད་ཚད་ཐུང་བའི་འཇུར་མིག་གི་ཚོད་འཛིན་ཕོག་ཡོད། འཛམ་གླིང་རང་བཞིན་གྱི་དཀའ་གནད་དེར་དམིགས་ནས་ཧོང་ཝུའེ་དང་ཁོང་གི་ཚོགས་པས་སྐྱེ་ལྡན་འོད་སྔོན་འདྲེན་གཟུགས་ཀྱི་དཀག་འདུས་རྣམ་པའི་གྲུབ་ཆ་ཚོད་འཛིན་གྱི་རྩ་བའི་རིག་པ་བཏོན་ཡོད། འདི་ད་ཆ་རྒྱལ་སྤྱིའི་ཐོག་ཡོངས་སུ་སྤྱོད་པའི་ཐག་གཅོད་བྱ་ཐབས་ཤིག་ཏུ་གྱུར་ནས་རྣམ་གྲངས་དེའི་ལག་རྩལ་གྱི་ཐོན་ལས་ཅན་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་ཡོད་པ་རེད།
         1993ལོར་སིང་ཀ་ཕོར་བསྐྱོད་ནས་ཞིབ་འཇུག་བྱེད་རིང་། ཧོང་ཝུའེ་ཡིས་འཛམ་གླིང་ཚན་རྩལ་གྱི་མདུན་ཕྱོགས་སུ་གནས་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་སྐྱེ་ལྡན་གློག་རྡུལ་གྱི་ཁྱབ་ཁོངས་དེ་རང་ཉིད་ཀྱིས་རྗེས་སུ་ཞིབ་འཇུག་བྱེད་ཕྱོགས་སུ་གཏན་འཁེལ་བྱས་ནས་སྔ་རྗེས་སུ་སྐྱེ་ལྡན་གློག་འདྲེན་ཕྱེད་གཟུགས་p-nནུས་ཐག་ཚོད་འཛིན་གཞུང་ལུགས་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་བཏོན་པས་རྒྱལ་སྤྱིའི་རིག་གཞུང་སྟེགས་བུའི་ཐོག་ཧོང་ཝུའེ་ཡི་གནས་བབ་རིམ་བཞིན་གལ་ཆེ་རུ་ཕྱིན་ཡོད་པ་རེད།
         2001ལོར་ཧོང་ཝུའེ་ཡི་ཚོགས་པའི་ཚན་རིག་ཞིབ་འཇུག་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་སུ། ཧོང་ཝུའེ་ཡིས་ཉེ་འཁོར་གྱི་མིའི་བསམ་ཡུལ་ལས་འདས་པའི་ཐག་གཅོད་གཅིག་བྱས་པ་སྟེ། ཚོགས་པའི་སྣེ་ཁྲིད་ནས་རྒྱལ་ནང་དུ་ལོག་པ་རེད། “རྒྱལ་ནང་དུ་ལོག་སླེབས་མ་ཐག་ངས་དང་ཐོག་སིང་ཀ་ཕོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོར་འབྱོར་ཐོ་བཀོད་ནས་ཏང་རྩ་འཛུགས་ཀྱི་འབྲེལ་བ་བསྒྱུར་བ་ཡིན། སྔར་ནས་བཟུང་མེས་རྒྱལ་དང་ཁ་འབྲལ་རྒྱུའི་བསམ་བློ་འཆང་མྱོང་མེད། རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱེད་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ན་གཞི་ནས་མི་ཚེར་སྙིང་པོ་འདུག”ཅེས་ཧོང་ཝུའེ་ཡིས་བརྗོད་པ་རེད།
         རྒྱལ་ནང་དུ་ལོག་རྗེས་ཕུའུ་ཏན་སློབ་ཆེན་དང་། ནན་ཅིང་སྦྲག་ཏར་སློབ་ཆེན། ནན་ཅིང་བཟོ་ལས་སློབ་ཆེན་བཅས་གང་དུ་ལས་ཀ་བྱས་ཀྱང་ཧོང་ཝུའེ་ཡིས་ཚོགས་པའི་སྣེ་ཁྲིད་ནས་རྒྱལ་ཁབ་ཀྱི་ཚོད་ལྟའི་ཁང་འཛུགས་ཆེད་འབད་འཐབ་བྱས་ཡོད། ཁོང་གི་སྐུལ་འདེད་འོག“ཕུའུ་ཏན་སློབ་ཆེན་གྱི་སྔོན་ཐོན་རྒྱུ་ཆ་ཞིབ་འཇུག་སློབ་གླིང”དང“སྐྱེ་ལྡན་གློག་རྡུལ་དང་ཆ་འཕྲིན་འཆར་ཆས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་ཁང་སྐྱེད་སྲིང་རྟེན་གཞི”སོགས་སྔ་རྗེས་སུ་བཙུགས་ཡོད་པ་རེད། 2011ལོར་ཧོང་ཝུའེ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པ་རེད།
         འགོ་འཛུགས་ས་གསར་པའི་ཐོག་ཧོང་ཝུའེ་ལ་འདུན་པ་གསར་པ་ཡོད་པ་སྟེ“ངའི་རེ་བར་འདི་གར་འཛམ་གླིང་ཐོག་རྩེར་སོན་གྱི་གཉེན་གཤིས་གློག་རྡུལ་གསར་སྤེལ་ལས་སྟེགས་དང་ཐོན་ལས་གསོ་སྐྱོང་རྟེན་གཞི་བཙུགས་ནས་འཚོལ་ཞིབ་རང་བཞིན་དང་། མདུན་ཕྱོགས་རང་བཞིན། གསར་གཏོད་རང་བཞིན་བཅས་ལྡན་པའི་གཉེན་གཤིས་གློག་རྡུལ་ལག་རྩལ་ཞིབ་འཇུག་བྱེད་འདོད་ཡོད། མཁའ་འགྲུལ་དང་། འཇིག་རྟེན་འཕུར་སྐྱོད། མཚོ་འགྲུལ་བཅས་ཀྱི་ཁྱབ་ཁོངས་སུ་དུས་རབས་གསར་པའི་དམག་དམངས་གཉིས་སྤྱོད་ཀྱི་ལག་རྩལ་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་བྱས་ནས་རྒྱལ་སྲུང་འཛུགས་སྐྲུན་དང་ནུབ་ཕྱོགས་འཕེལ་རྒྱས་ལ་ནུས་ཤུགས་ལེགས་སྐྱེས་ཕུལ་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན”ཞེས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།