འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་9པར་ཧུའུ་པེའི་དབྱི་ཁྲང་གྲོང་ཁྱེར་དུ་སྐབས་ལྔ་པའི་ཀྲུང་གོའི་སྙན་ངག་འདུ་ཚོགས་
    གཉེར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་དང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་སྐབས་ལྔ་པའི་ཀྲུང་གོའི་སྙན་ངག་འདུ་ཚོགས་ཟླ་9ཚེས་12ནས་17ཉིན་བར་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ་རེད།
         ཀྲུང་གོ་ནི་སྙན་ངག་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྙན་ངག་དེ་ཉིད་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཡུན་རིང་གི་སྲོལ་རྒྱུན་དང་མང་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་ལྡན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་གཉེར་བའི་རྒྱལ་ཁབ་རིམ་པའི་རིག་གནས་བྱེད་སྒོ་གལ་ཆེན་ཀྲུང་གོའི་སྙན་ངག་འདུ་ཚོགས་ནི་མིག་སྔར་རྒྱལ་ནང་དུ་ཚད་གཞི་མཐོ་ཤོས་ཀྱི་སྙན་ངག་སྒྱུ་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་རེད། སྐབས་ལྔ་པའི་ཀྲུང་གོའི་སྙན་ངག་འདུ་ཚོགས་གཉེར་བའི་དམིགས་ཡུལ་ནི་སྣ་མང་ཕུན་སུམ་ཚོགས་པའི་སྙན་ངག་རིག་གནས་སྒྱུ་རྩལ་བྱེད་སྒོ་སྤེལ་བ་བརྒྱུད་ཀྲུང་ཧྭའི་ཕུལ་བྱུང་སྙན་ངག་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་དེང་རབས་སྙན་ངག་གསར་རྩོམ་གྱི་ཞིབ་འཇུག་གྲུབ་འབྲས་མངོན་པར་བྱེད་པ་དང་། དུས་སྐབས་གསར་པའི་སྙན་ངག་གིས་དུས་རབས་མཚོན་པ་དང་། འཚོ་བ་དང་ཉེ་བཅར་ཐུབ་པ། མང་ཚོགས་ཁྲོད་སྐྱོད་པ་བཅས་ཀྱི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་གསར་གཏོད་བྱས་ཏེ་སྙན་ངག་སྒྱུ་རྩལ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།
         སྐབས་ལྔ་པའི་ཀྲུང་གོའི་སྙན་ངག་འདུ་ཚོགས་ཀྱིས“སྙན་ངག་གྱེར་འདོན་གྱིས་བསྐལ་པ་བཟང་པོར་བསྟོད་གླུ་འབུལ། འབད་བརྩོན་ཆེན་པོས་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བརྩོན”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད་པ་དང་། སྙན་ངག་འདུ་ཚོགས་རིང་བྱེད་སྒོ་གཙོ་བོ་ཁག་ལྔ་ཡོད་པ་སྟེ། འགོ་ཚུགས་དང་མཇུག་འགྲིལ་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་དང་། རྒྱལ་ནང་གི་གྲགས་ཅན་སྙན་ངག་པ་དང་། སྙན་ངག་དཔྱད་བརྗོད་མཁས་ཅན། མཁས་དབང་དང་སྙན་ངག་དུས་དེབ་ཁག་གཅིག་གི་གཙོ་སྒྲིག་པ་གདན་དྲངས་ནས་རིག་གཞུང་སྤེལ་རེས་དང་གྲོས་བསྡུར་བྱེད་པ། “སྙན་ངག་ནང་གི་གྲོང་ཁྱེར”གྱི་སྙན་ངག་རོལ་དབྱངས་གྱེར་འདོན་འདུ་ཚོགས་བྱེད་སྒོ་གཉེར་བ། སློབ་གྲྭ་དང་། སྡེ་ཁུལ། གྲོང་གསེབ། དྲ་རྒྱ་བཅས་སུ་སྙན་ངག་ཁྱབ་སྤེལ་གཏོང་བ། སྙན་ངག་པ་དང་། སྒྱུ་རྩལ་པ། སྙན་ངག་འདུ་ཚོགས་ཀྱི་སྐུ་མགྲོན། སྙན་ངག་ལ་དགའ་པོ་བྱེད་མཁན་བཅས་སྡེ་ཁུལ་དང་། རིག་གནས་འཆད་ཉན་ཁང་། སློབ་གྲྭ་འབྲིང་ཆུང་། རྒན་རྒོན་སློབ་ཆེན་སོགས་སུ་གདན་འདྲེན་པ་སོགས་ཡིན་པ་དང་། དེ་ཁུལ་གྱི་མང་ཚོགས་དང་མཉམ་དུ་སྙན་ངག་གྱེར་འདོན་དང་། སྙན་ངག་ལ་རོལ་བ། བཞུགས་མོལ་སྤེལ་རེས་བཅས་ཀྱི་བྱེད་སྒོར་ཞུགས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོར་བསྟོད་གླུ་འབུལ་བ་དང་སྙན་ངག་གིས་ཕྱུག་པའི་ཀྲུང་ཧྭའི་བརྗོད་དོན་གཙོ་བོའི་སྙན་ངག་ཁག་གཅིག་གསར་རྩོམ་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།