འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བཞིའི་རིང་དུ་ཆ་སྙོམས་དབུལ་པོ་མི་ཁྲི་1391ཉུང་དུ་ཕྱིན་པ་དང་རང་རྒྱལ་གྱི་དབུལ་
    སྐྱོར་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་31ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུ་ཡིས་2013ལོ་ནས་2016ལོ་བར་རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བའི་ཚད་གཞིའི་ཐོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་མི་ཁྲི་9899ནས་མི་ཁྲི་4335བར་ཉུང་དུ་ཕྱིན་ནས་ལོར་ཆ་སྙོམས་མི་ཁྲི་1391ཉུང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ལིའུ་ཡུང་ཧྥུ་ཡིས་ཚེས་29ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་གནང་བ་རེད།
         ལིའུ་ཡུང་ཧྥུ་ཡིས་2013ལོ་ནས་2016ལོ་བར་གྲོང་གསེབ་ཏུ་དབུལ་པོ་ཐོན་ཚད་དེ་10.2%ནས་4.5%བར་ཆག་སྟེ་ལོར་ཆ་སྙོམས་ཆག་ཚད་བརྒྱ་ཆའི་གྲངས་1.4ཟིན་ཡོད། དེ་གོང་གི་དབུལ་སྐྱོར་ཐེངས་འགའ་དང་བསྡུར་ན་དབུལ་པོ་ཉུང་གཏོང་གི་གཞི་ཁྱོན་ཆེ་རུ་ཕྱིན་པ་མ་ཟད།
         ད་དུང་དེ་སྔའི་ཚད་གཞི་གསར་པ་ལག་བསྟར་བྱས་རྗེས་ཀྱི་དབུལ་པོ་ཉུང་གཏོང་གི་གཞི་ཁྱོན་ལོ་རེ་བཞིན་ཚད་གཞི་ཆེན་པོས་ཉུང་དུ་འགྲོ་བའི་རྣམ་པར་འགྱུར་ལྡོག་བྱུང་ནས་ལོ་ལྟར་དབུལ་པོ་ཉུང་གཏོང་གི་ཚད་གཞི་མི་ཁྲི་1000ཡན་ཟིན་ཡོད། ལོ་བཞིའི་རིང་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་ཡོང་འབབ་འཕར་ཤུགས་མགྱོགས་སུ་ཕྱིན་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཡོད། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲངས་གནས་གཉིས་འཕར་རྒྱུ་བསྟུད་མར་རྒྱུན་འཁྱོངས་ཐུབ་ནས་ལོ་རེར་ཆ་སྙོམས་17.7%འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         ལིའུ་ཡུང་ཧྥུ་ཡིས་2017ལོ་ནི་དབུལ་སྒྲོལ་གྱི་སྔ་འཛིན་ཕྱི་གཏོད་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་ཡིན། “2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བའི་ཚད་གཞིའི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་ནས་རྫོང་དབུལ་པོ་ཡོངས་རྫོགས་ཀྱི་དབུལ་ཞྭ་འབུད་པ་དང་། ས་ཁོངས་ཧྲིལ་པོའི་དབུལ་པོ་སེལ་བའི”སྤྱིའི་དམིགས་ཚད་ལ་གཞིགས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་སྒྲོལ་ཚད་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་རུ་མི་གཏོང་ལ་དམའ་རུའང་མི་གཏོང་བར་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། མཐོ་འདོད་ཆེན་པོ་མི་བྱེད་པར་མི་འབོར་དབུལ་པོ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་དབུལ་ཞྭ་འབུད་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད། གོམ་སྟབས་རྗེས་མའི་དབུལ་སྐྱོར་ལས་དོན་ཐད། ཧྲུའུ་ཅི་ཨང་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གནད་སྨིན་རྨང་གཞི་བརྟན་དུ་བཏང་སྟེ་དབུལ་པོའི་གནས་ཚད་ཟབ་མོ་ཐག་གཅོད་དང་། “འགག་རྩའི་ནང་གི་འགག་རྩར”མཐའ་གཅིག་ཏུ་གཞོལ་བ། ཕྱི་ཚུལ་རིང་ལུགས་སྤོང་བ། དཔྱད་ཞིབ་ནན་པོ་མཐའ་འཁྱོངས། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།