འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་བྱང་རྒྱུད་དུ་རི་ཉིལ་གྱི་གནོད་འཚེ་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་46ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་བྱང་རྒྱུད་དུ་རི་ཉིལ་གྱི་གནོད་འཚེ་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་46ལ་འཕར་བ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཚེས་13ཉིན་གྱི་ཞོགས་པར། རྒྱ་གར་བྱང་རྒྱུད་ཀྱི་ཧི་མ་ཞེར་མངའ་སྡེ་རུ། འགྲུལ་སྐྱེལ་རླངས་འཁོར་གཉིས་རི་ཉིལ་གནོད་འཚེ་དང་འཕྲད་པས། ད་ལྟ། དོན་རྐྱེན་ནང་མི་46རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོ་ཞིག་ལ་གནོད་སྐྱོན་ཕོག་ཡོད་པ་རེད།
            རྒྱ་གར་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལྟར་ན། དོན་རྐྱེན་བྱུང་ཡུལ་ནི་ཧི་མ་ཞེར་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་སིམ་ལཱ་ཡི་བྱང་གི་སྤྱི་ལེ་220མཚམས་ཀྱི་མན་ཏི་-པའོ་ཐན་གོ་ཏེ་རྒྱལ་ཁབ་གཞུང་ལམ་འགྲམ་གྱི་ཞབས་ཞུ་ས་ཚིགས་ཤིག་ཏུ་ཡིན་པ་དང་། དོན་རྐྱེན་བྱུང་དུས། འགྲུལ་སྐྱེལ་རླངས་འཁོར་གཉིས་ཀ་ཞབས་ཞུའི་ས་ཚིགས་ཉེ་འཁོར་དུ་ངལ་གསོས་ནས་བསྡད་ཡོད་ལ། ཉེ་འགྲམ་གྱི་རི་བོ་ཆེན་པོ་ཞིག་ལས་གློ་བུར་རི་ཉིལ་གྱི་གནོད་འཚེ་བྱུང་བ་རེད། བྲག་རྡོ་དང་ས་འདམ་གྱིས་འགྲུལ་སྐྱེལ་རླངས་འཁོར་གཅིག་ཉེ་འགྲམ་གྱི་གཏིང་ཚད་ལ་སྨི་200ཙམ་ཟིན་པའི་གཡང་རོང་དུ་གཡུགས་པ་དང་། འགྲུལ་སྐྱེལ་རླངས་འཁོར་གཞན་དེ་དང་སྦག་སྦག་ཅིག་རི་ཉིལ་འོག་ཏུ་ཚུད་པ་རེད། ཉེ་འཁོར་གྱི་སྡོད་ཁང་ཁ་ཤས་ཀྱང་རྡིབ་སྐྱོན་བྱུང་ཡོད་པ་དང་། རིང་ཚད་ལ་སྤྱི་ལེ་གཅིག་ཙམ་ཟིན་པའི་གཞུང་ལམ་མེད་པར་གྱུར་པ་རེད།
            ས་གནས་དེ་གའི་ཉེན་རྟོག་དཔོན་པོ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ད་ལྟ་རི་ཉིལ་ཁུལ་ནས་བེམ་རོ་46རྙེད་ཡོད་པ་དང་། དེའི་ནང་གི་བེམ་རོ་23གྱི་ཐོབ་ཐང་ཤེས་རྟོགས་བྱུང་ཡོད། གཞན་རྨས་མ་མང་པོ་ཞིག་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། འགྲུལ་སྐྱེལ་རླངས་འཁོར་ནང་གི་འགྲུལ་གྲངས་ག་ཚོད་ཡོད་པ་ད་དུང་ཤེས་རྟོགས་བྱུང་མེད་པ་དང་སྐབས་དེ་དུས་ཡུལ་དངོས་སུ་མི་ག་ཚོད་ཡོད་པ་ཤེས་མེད་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་འཕར་སྲིད་ཅེས་ཟེར།
           དོན་རྐྱེན་བྱུང་རྗེས། ས་གནས་དེ་གའི་སྲིད་གཞུང་གིས་འཕྲལ་སྡོམ་དཔུང་སྡེ་དང་། ཉེན་རྟོག་པ། སྨན་བཅོས་མི་སྣ་སོགས་མི་100ལྷག་ཙམ་ཡུལ་དངོས་ལ་མྱུར་སྐྱོབ་བྱེད་པར་མངགས་པ་དང་། གཞན་ད་དུང་འཕྲུལ་ཆས་ཆེ་གྲས་མང་པོ་ཞིག་གིས་ལས་ཀ་བྱེད་བཞིན་ཡོད་པ་རེད། ཉེ་འཁོར་གྱི་གྲོང་མི་ཚོས་ཀྱང་ཡུལ་དངོས་སུ་བསྐྱོད་དེ་མྱུར་སྐྱོབ་བྱེད་རོགས་བྱས་ཏེ་ལག་པས་སྔོག་འདོན་བྱེད་རོགས་བྱས་པ་རེད། རྦབ་རྡོ་དང་ས་འདམ་ཉིལ་བ་བསྟུད་མར་བྱུང་རྐྱེན། ཚེས་13ཉིན་གྱི་དགོང་མོར། མྱུར་སྐྱོབ་ལས་ཀ་གནས་སྐབས་སུ་མཚམས་འཇོག་བྱས་པ་རེད།
          རྒྱ་གར་གྱི་སྲིད་བློན་མོ་ཏི་ཡིས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་འཚམས་འདྲི་གནང་བ་བསྟན་པ་མ་ཟད། སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་དང་རྗེས་འཇུག་ལས་དོན་ལེགས་པོ་བསྒྲུབ་ངེས་ཡིན་ཚུལ་བསྟན་པ་རེད། ཧི་མ་ཞེར་མངའ་སྡེའི་དབུ་བཞུགས་འགན་འཛིན་ཝེར་པཱ་ཏེ་ལཱ་•ཤིན་གེ་ཡིས་ཡུལ་དངོས་ཀྱི་མྱུར་སྐྱོབ་ལས་དོན་བཀོད་འདོམས་བྱེད་དུས་སྲིད་གཞུང་གིས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་འཚམས་འདྲིའི་དངུལ་སྤྲོད་རྒྱུ་ཡིན་ཞེས་བསྟན་པ་རེད།
             ཟླ་དྲུག་པ་ནས་དགུ་བའི་བར་ནི་རྒྱ་གར་གྱི་ཧི་མ་ཞེར་མངའ་སྡེ་ཡི་དུས་རླུང་དུས་ཚིགས་ཡིན་ལ། ཉེ་དུས་མངའ་སྡེ་དེའི་མན་ཏི་ས་ཁུལ་དུ་དྲག་ཆར་བབས་པའི་གནམ་གཤིས་བསྟན་ནས་ཆུ་ལོག་དང་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་རྒྱུན་མ་ཆད་པར་བྱུང་ནས་དམངས་ཀྱི་སྡོད་ཁང་མང་པོ་ཞིག་བརླག་པར་གྱུར་ཡོད་པ་རེད།
    ༄༅།།རྒྱ་གར་བྱང་རྒྱུད་དུ་རི་ཉིལ་གྱི་གནོད་འཚེ་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་46ལ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།