འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།>>སི་ཁྲོན།

    ༄༅།།ཡོམ་འགོག་འཐབ་སར་ཏང་དར་ལྷབ་ལྷུབ་གཡོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན་ཀྲུང་གོ་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག་དང་སི་ཁྲོན་དྲག་ཆས་ཉེན་རྟོག་ཀོང་ཡོན་མེ་ཟོན་ཉིང་ལག་རུ་ཁག་སོགས་ལས་གྲུབ་པའི་གཟི་ཚྭ་སྡེ་དགུའི་ས་ཡོམ་གྱི་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གིས་སླར་ཡང་མི་20ཙམ་མངགས་ནས་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་དོམ་ཁྲ་གནས་ཡུལ་ཉེ་འགྲམ་དུ་བསྐྱོད་དེ་འབྲེལ་ཆད་མི་སྣ་མུ་མཐུད་འཚོལ་སྐྱོབ་བྱས་ཤིང་།
         འཕྲལ་མ་ཉིད་དུ་རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱ་སྤྱོད་གང་མྱུར་སྤེལ་བ།
         ཟླ་8ཚེས་8ཉིན་གྱི་ཆུ་ཚོད་21དང་སྐར་མ་19ལ་སི་ཁྲོན་ཞིང་ཆེན་གཟི་ཚྭ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ས་ཡོམ་བརྒྱབ་རྗེས་གེགས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཡོམ་འགོག་གེགས་སེལ་བྱ་རྒྱུ་ནི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྐུལ་མ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་བརྩིས་ཏེ་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་སུ་ཏང་དར་རེ་རེ་བཞིན་བཙུགས་པ་དང་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཞུགས་ཏེ་འགྱུར་མེད་ཀྱི་ཏང་གཤིས་ལ་བརྟེན་ནས“ཆུ་གཞུང་གི་གཞོམ་མེད་བྲག་རི”ལྟ་བུ་བསྐྲུན་ཡོད།
         ཡོམ་འགོག་གེགས་སེལ་བྱ་རྒྱུ་ནི་ཛ་དྲག་ཤིན་ཏུ་ཆེ་བ་ཞིག་རེད། སི་ཁྲོན་དང་ཤིན་ཅང་གིས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་དུས་ཚོད་དམ་འཛིན་ངང་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།
         སི་ཁྲོན་དུ་འཕྲལ་མར་ཡོམ་འགོག་གེགས་སེལ་གྱི་བཀོད་འདོམས་པུའུ་བཙུགས་པ་དང་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་མཚན་མོ་དེ་རང་དུ་འཐབ་ས་དང་པོར་བཀོད་འདོམས་བྱེད་པར་བསྐྱོད།
         ཤིན་ཅང་གིས་ལས་དོན་ཚོགས་ཆུང་འཕྲལ་དུ་བཙུགས་པ་དང་ལྗོངས་ཏང་ཨུད་འགོ་ཁྲིད་ཀྱིས་ས་ཡོམ་དང་། མེ་ཟོན། དམངས་སྲིད། འཕྲོད་བསྟེན། འགྲིམ་འགྲུལ། འཕྲིན་གཏོང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་ནས་ཡོམ་ཁུལ་དུ་བསྐྱོད་དེ་གེགས་སེལ་གྱི་ལས་དོན་ཐད་གྲོས་མོལ་བྱས་པ་རེད།
         སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ཀྱིས་ཁག་སོ་སོར་ཏང་ཡོན་གྱིས་རྐང་འཛིན་བྱས་པའི་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་གེགས་ཁུལ་གྱི་ས་གནས་ས་ཐོག་ཏུ་སྨན་བཅོས་བྱེད་པར་བསྐྱོད་པ་རེད།
         འཕྲིན་གཏོང་དང་གློག་ཆད་དེ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་ཐབས་བྲལ་བའི་གནས་ཚུལ་འོག་གཟི་ཚྭ་སྡེ་དགུ་རྫོང་གྲོང་ཚོ(སྡེ་ཁུལ)ཁག་གི་ཏང་ཀྲི་པུས་གྲོང་གསེབ་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་128བཙུགས་ནས་མཚན་མོ་དེ་རང་དུ་མང་ཚོགས་དུས་ཐོག་ཏུ་ཁ་འགྲེམས་བྱས་པ་རེད།
         ཡོམ་ལྟེ་གནས་ཡུལ་གཙང་རྩ་གྲོང་རྡལ་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་450སྒྲིག་འཛུགས་བྱས་ནས་མང་ཚོགས་ཚོའི་སྣེ་ཁྲིད་དེ་རང་སར་གེགས་སེལ་རང་སྐྱོབ་བྱས་ཤིང་། ཤང་དང་གྲོང་རྡལ་གཞན་16གི་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་2700ལྷག་སྒྲིག་འཛུགས་བྱས་ནས་མཚན་མོ་དེ་རང་དུ་གྲོང་ཚོ་དང་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་གེགས་བར་བྱུང་ཚུལ་ལ་ཞིབ་བཤེར་བྱས་པ་རེད།
         བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སི་ཁྲོན་གེགས་ཁུལ་གྱིས་མིག་སྔར་ཡུལ་སྐོར་བ་དང་ཡུལ་མི་ཁྲི་6ལྷག་ཙམ་གནས་སྤོ་དང་མི་གྲངས་ཁྲི་2.3གནས་སྐབས་བཀོད་སྒྲིག་བྱས་པ་རེད།
         ཤིན་ཅང་དུ་གེགས་ཁུལ་གྱི་ཏང་རྩ་འཛུགས་514དང་ཏང་ཡོན་ལས་བྱེད་པ་11300ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གི་འཐབ་ས་དང་པོར་བསྐྱོད་པ་དང“དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྡུད”ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་ཏང་རྩ་འཛུགས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཡོམ་འགོག་གེགས་སེལ་དང་དུད་ཚང་དུ་བསྐྱོད་དེ་གྲལ་བཤེར་བྱེད་པ་སོགས་ཀྱི་ལས་དོན་ལ་ཞུགས་ཏེ་གནོད་འཚེའི་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཏོང་གང་ཐུབ་བྱས་པ་རེད།
         པོའར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཡི“དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྡུད”བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཀྲོའུ་ཡོངས་ཀྱི་ལས་དོན་རུ་ཁག་294དང་འབྲེལ་བ་བྱས་ནས་དུད་ཚང་ཚང་མར་བསྐྱོད་ནས་རྩད་གཅོད་འཚོལ་སྐྱོབ་དང་། མང་ཚོགས་ཁ་འགྲེམས། སེམས་གསོ་གཏོང་བ་སོགས་བྱས་པ་རེད།
         ཟླ་8ཚེས་10ཉིན་གྱི་དགོང་མོ་བར། པོའར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཡི་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པས་དུད་ཚང་24000ལྷག་ཙམ་ལ་གནས་ཚུལ་བརྟག་དཔྱད་བྱེད་པར་བསྐྱོད་པས་མང་ཚོགས་མི་གྲངས་ཁྲི་11.7ལ་ཁྱབ་ཡོད།
         རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་དཀའ་ཉེན་ལ་མ་འཛེམས་པར་འཐབ་ས་མདུན་མར་བསྐྱོད་པ།
         དཀའ་ཉེན་འཕྲད་སྐབས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་མང་ཚོགས་སྒྲིག་འཛུགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་རྨས་མ་སྐྱོབ་བཅོས་དང་། ཐབས་བརྒྱ་ཇུས་སྟོང་གི་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་གཤོང་བ་དང་ཡུལ་སྐོར་བ་ཁ་འགྲེམས་བྱས་པ་རེད།
         ཕྱིར་གཞུང་དོན་སྒྲུབ་པར་བསྐྱོད་པའི་སི་ཁྲོན་གཟི་ཚྭ་སྡེ་དགུ་རྫོང་མ་ཅ་ཤང་སྒྲིག་ཨུད་ཀྱི་ཨུ་ཡོན་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་ཐན་ཏན་གྱིས་་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་འཕྲལ་མ་ཉིད་དུ་ཤང་ལ་ལོག་ནས་གེགས་སྐྱོབ་ལས་ལ་ཞུགས་པའི་ལམ་བར་དུ་རྦབ་རྡོ་ལྷུང་ནས་རྨས་སྐྱོན་ཕོག་ཀྱང་སྔར་བཞིན་མང་ཚོགས་ཁ་འགྲེམས་དང་གནོད་འཚེའི་གནས་ཚུལ་གྲལ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད།
         ཧེ་ཧོ་ཤང་རོང་ལ་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཀའོ་ཀྲི་ཆང་གིས་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཡོམ་འགོག་གེགས་སེལ་ལ་ཞུགས་པ་མ་ཟད། ཁོང་གི་བཟའ་ཟླ་ཝང་ཨའེ་ཧྭ་ལ་མངལ་འཁོར་ནས་ཟླ་བ་བདུན་སོང་ཡང་སྔར་བཞིན་རྫོང་སྨན་ཁང་གི་དོས་དྲག་ཁང་དུ་རྨས་མ་སྐྱོབ་བཅོས་ལས་ལ་ཞུགས་ཡོད།
         ཤིན་ཅང་པོའར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཡི་གེགས་ཁུལ་ལ་གང་དུ་ཉེན་ཁ་དང་དགོས་མཁོ་ཡོད་ན་དེ་གར་གུང་ཁྲན་ཏང་ཡོན་གྱི་གཟུགས་བརྙན་མཐོང་རྒྱུ་ཡོད།
         ཁྲ་ཀན་མོ་ཏུན་གྲོང་ཚོར་བཅའ་སྡོད་ཅིན་ཧོ་རྫོང་ནོར་སྲིད་ཅུས་ཀྱི་“དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྡུད”ལས་དོན་རུ་ཁག་གི་རུ་དཔོན་པ་ཐུའུ་མོང་ཁེ་ཡིས་མི་སྒེར་གྱི་ཉེན་ཁར་མ་བལྟོས་པར་ལས་དོན་རུ་མི་གསུམ་གྱི་སྣེ་ཁྲིད་དེ་རླངས་འཁོར་བཏང་ནས་སྤྱི་ལེ་50ཡི་སར་གནས་པའི་སྟོན་དཔྱིད་རྩྭ་རའི་གཏན་སྡོད་ས་ཚིགས་རྙིང་པར་གནོད་འཚེའི་གནས་ཚུལ་ལ་ལྟ་བར་བསྐྱོད་སྐབས་རི་ཁུལ་གྱི་འགྲོ་ལམ་ཐོག་རྦབ་རྡོ་ཆེ་ཆུང་སྣ་ཚོགས་ལྷུང་ནས་ལམ་འགག་པར་བརྟེན་ཁོང་ཚོས་ལམ་བར་དུ་ལམ་གཤོང་བ་དང་ཆབས་ཅིག འབྲོག་དུད་ཚང་མའི་ཁྱིམ་དུ་བསྐྱོད་དེ་གནོད་འཚེ་བྱུང་ཚུལ་ཤེས་རྟོགས་དང་གནོད་འཚེ་བྱུང་བའི་མང་ཚོགས་ལ་སེམས་གསོ་བཏང་བ་དང་སྦྲགས་མང་ཚོགས་རྨས་མ་གཉིས་དུས་ཐོག་ཏུ་ཤང་འཕྲོད་བསྟེན་ཁང་ལ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
         འགན་ལེན་ནུས་ལྡན་བྱས་ནས་རྩ་འཛུགས་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ།
         ཛ་དྲག་གི་སྐབས་སུ་སི་ཁྲོན་དང་ཤིན་ཅང་ཏང་ཨུད་རྩ་འཛུགས་པུའུ་དང་གེགས་ཁུལ་གྱི་རྩ་འཛུགས་སྡེ་ཚན་གྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་གྱི་དགོས་མཁོར་རང་རྟོགས་ངང་དམིགས་ཏེ་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། ཛ་དྲག་སྐུལ་སློང་དང་སྟོབས་ཤུགས་སྤྱི་འདོམས་ཀྱིས་ཡོམ་འགོག་གེགས་སེལ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་པ་རེད།
         སི་ཁྲོན་ཞིང་ཨུད་རྩ་འཛུགས་པུས་འཕྲལ་མ་ཉིད་དུ་《རྩ་འཛུགས་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་ནས་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རྩ་འཛུགས་སྡེ་ཚན་གྱིས་གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོམ་འགོག་གེགས་སེལ་ལ་ཞུགས་རྒྱུར་འཕྲལ་མར་སྐུལ་སློང་བྱས་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ཏང་ཡོན་གྱི་གཟུགས་བརྙན་གང་ལེགས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་རྩ་འཛུགས་ཁོངས་གཏོགས་ཀྱིས་བྱ་སྤྱོད་གང་མྱུར་སྤེལ་ཏེ་གེགས་ཁུལ་གྱི་ཏང་རྩ་འཛུགས་དང“དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་འཚོར་ཕན་འདོགས་པ། དམངས་སེམས་གཅིག་སྡུད”བཅས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞུགས་ནས་མཛུབ་ཁྲིད་བླང་བྱ་བཏོན་པ་མ་ཟད་ཏང་དངུལ་སྒོར་ཁྲི་50གེགས་ཁུལ་དུ་རོགས་སྐྱོབ་བྱ་རྒྱུར་སྤྲད་པ་རེད།
         པོའར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཏང་ཨུད་རྩ་འཛུགས་པུས་འཕྲལ་མ་ཉིད་དུ་བརྡ་ཐོ་བཏང་ནས་ཀྲོའུ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ནས་ཡོམ་འགོག་གེགས་སེལ་བྱ་རྒྱུ་ནི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“སློབ་སྦྱོང་དེ་སྐུལ་གཏོང་ལ་བསྒྱུར་བའི”ཆེད་དམིགས་བྱེད་སྒོའི་ནང་དོན་གལ་ཆེན་དུ་བརྩིས་པ་དང་འབྲེལ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་འཐབ་ས་དང་པོར་མཐུན་སྦྱོར་མཛུབ་ཁྲིད་སྒྲིག་འཛུགས་དང་འཐབ་ས་དང་པོར་ལས་བྱེད་པར་ཚོད་བགམ་དང་རྟོག་ཞིབ་བྱས་པ་རེད། རྩ་འཛུགས་སྡེ་ཚན་གྱི་ལས་བྱེད་པ་51གེགས་བར་བྱུང་ཁུལ་དུ་བསྐྱོད་དེ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་དཔུང་པ་མཉམ་གཤིབ་ཀྱི་སྒོ་ནས་འབད་འཐབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།