འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་སྲིད་གཞུང་དང་དམངས་ཁྲོད་ཀྱིས་འདམ་རར་མཉམ་དུ་སྲུང་སྐྱོང་བྱས་ནས་འདབ་
    ཆགས་ལོག་ས་བཟོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན། མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཆེ་ཤོས་ཡིན་ལ། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་འདམ་ར་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། དམངས་ཁྲོད་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་ལས་གནས་བཀོད་སྒྲིག་བྱས་པས་སྲིད་གཞུང་དང་དམངས་ཁྲོད་སྟོབས་ཤུགས་མཉམ་འགུལ་ཡག་པོ་དང་། མཉམ་སྐྲུན་མཉམ་བདག མི་ཕྱིར་འཐེན་གྱིས་འདབ་ཆགས་ལོག་པ་བཅས་ཀྱི་རྣམ་པ་གསར་པ་ཐོན་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་རོང་པོ་གྲོང་རྡལ་མཚོ་བཟང་གྲོང་ཚོ་ཚོགས་པ་དང་པོའི་ཚེ་རིང་རྡོ་རྗེ་ཉིན་རེའི་ཞོགས་པའི་ཆུ་ཚོད་བདུན་པ་ལྷག་ཙམ་ཐོག་ཁྲུང་ཁྲུང་མཇིང་ནག་གི་སྐད་ཀྱིས་གཉིད་དཀྲོག་ཡོང་། “ལོ་འདི་དག་རིང་ཁྲུང་ཁྲུང་མཇིང་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངང་པ་སེར་པོ་སོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཡུལ་ཤུལ་གྲོང་ཁྱེར་དུ་ཕྱིན་ནས་ཉིན་ཁ་ཤས་བསྡད་ཚེ་འདབ་ཆགས་འདི་དག་གི་སྐད་ཐོས་རྒྱུ་མེད་པས་ཡུལ་པོ་འདུག”ཅེས་བརྗོད་པ་རེད།
         རོང་པོ་གྲོང་རྡལ་ནི་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་གྱི་ཁྲུང་ཁྲུང་མཇིང་ནག་བབས་སྡོད་དང་རྒྱུད་སྤེལ་བྱེད་ས་ཡིན། 1986ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆོག་མཆན་གནང་བ་དང་། དེ་ནི་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ(WWF)ས་མཐོའི་འདམ་ར་སྲུང་སྐྱོང་རྣམ་གྲངས་ཀྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཡང་ཡིན་པ་རེད། 2015ལོར་ཚེ་རིང་རྡོ་རྗེ་ས་གནས་དེ་གའི་སྲིད་གཞུང་གིས་འདམ་རའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་བདམས་ནས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་གྱིས་ཕྱུགས་བཀག་རྩྭ་གསོ་བྱས་པ་དང་། ད་ཆ་ཟླ་ཕོགས་ལེན་བཞིན་འདམ་ར་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།
         གསོ་སྦྱོང་བྱས་པ་བརྒྱུད། ཚེ་རིང་རྡོ་རྗེས་རྒྱང་ཤེལ་དང་པར་ལེན་འཕྲུལ་ཆས་སོགས་སྤྱད་དེ་བདག་མེད་སྲོག་ཆགས་ལ་ལྟ་ཞིབ་བྱེད་ཤེས་པ་རེད། དུས་བྱ་སྐྱེ་འཕེལ་དུས་ཚིགས་སུ་སླེབས་སྐབས་ནམ་མ་ལངས་གོང་སྦག་སྦག་བཞོན་ནས་སྐོར་གཡེང་དང་། གད་སྙིགས་སྒྲུག་པ། ཡུལ་སྐོར་བར་སློབ་སྟོན་སོགས་བྱས་ནས་ས་སྲོད་སྐབས་གཞི་ནས་ངལ་གསོ་རྒྱག་ཐུབ།
         “སྔོན་ཆད་ངས་འདབ་ཆགས་འདི་དག་གི་མིང་ཡང་ཤེས་ཀྱི་མེད། ད་ཆ་འདབ་ཆགས་འདི་དག་ལ་ཤིན་ཏུ་རྒྱུས་ལོན་བྱུང་ནས་རང་གི་གྲོགས་པོ་ལྟ་བུར་གྱུར་ཡོད”ཅེས་ཚེ་རིང་རྡོ་རྗེས་བརྗོད་པ་རེད།
          ལྟ་ཞིབ་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་གི་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་1984ལོའི་22ནས་2016ལོའི་216བར་འཕར་ཡོད་པ་དང་། ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་དེ་སྔའི་བརྒྱ་ཕྲག་འགའ་ནས་ཁྲི་གཅིག་ལྷག་ཙམ་བར་འཕར་ཡོད། ངང་སེར་སོགས་འདབ་ཆགས་གཞན་དག་གི་གྲངས་འབོར་ཡང་མངོན་གསལ་དོད་པོས་འཕར་བ་དང་། འདབ་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་དེ་སྔའི་61ནས་མིག་སྔའི་84བར་འཕར་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་ཆུ་འགོ་ས་ཁུལ་དུ་འདམ་རའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་963ཡོད་པ་དེ་དག་གིས་ཡུལ་ཤུལ་དང་། མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཀྲོའུ་བཞིའི་རྫོང(གྲོང་ཁྱེར)22དང་དེ་བཞིན་ཁུ་ཁུ་ཤི་རི་དང་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཀྱི་མཚེའུ་དང་། གཙང་པོ། མིས་བཟོས་འདམ་ར་བཅས་རྒྱ་ཁྱོན་མུའུ་ཁྲི་2890ལ་དོ་དམ་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་། ཆ་སྙོམས་མི་རེས་འདམ་ར་མུའུ་ཁྲི་3ལ་དོ་དམ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།
         “འདམ་རའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་གཏོགས་ཁོངས་དོ་དམ་དང་། ལས་རིགས་མཛུབ་ཁྲིད། གོང་འོག་མཉམ་འགུལ་བཅས་ཀྱི་བྱེད་ཐབས་སྤྱད་དེ་དབུལ་སྐྱོར་གནས་སྤོས་དུད་ཚང་དང་། དཀའ་ངལ་ཡོད་པའི་དུད་ཚང་། ཕྱུགས་ཟོག་མེད་པའི་དུད་ཚང་བཅས་ཀྱི་ཁྲོད་ནས་བདམས་པ་ཡིན”སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་ལས་གནས་བཀོད་སྒྲིག་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་སྣོད་བཅུད་དོ་དམ་སྲུང་སྐྱོང་ལས་དོན་ཁྲོད་དུ་ཞུགས་པའི་བརྩོན་སེམས་སྐོང་འཐེན་བྱས་ནས། འབྲོག་པ་ཚོ་རྩྭ་ཐང་བེད་སྤྱོད་མཁན་ནས་རིམ་བཞིན་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་བསྒྱུར་ཏེ་སྲིད་གཞུང་གི་འདམ་ར་སྲུང་སྐྱོང་ལས་དོན་གྱི་ཁ་གསབ་སྟོབས་ཤུགས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་པ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་འདམ་ར་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་མཱ་ཅན་ཧའེ་ཡིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།