འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ཞོ་སྟོན་ཟླ་8ཚེས་21ཉིན་འགོ་ཚུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་15ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན“ཉི་འོད་གྲོང་ཁྱེར”ལྷ་སར་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་ཞོ་སྟོན་འཆར་ཉེར་ཡོད་པ་དང་། ཞོ་སྟོན་རིང་འགོ་ཚུགས་མཛད་སྒོ་དང་། གོས་སྐུ་འགྲེམས་སྟོན། ལྷ་མོ་འཁྲབ་སྟོན། གནམ་མཚོའི་རྒྱལ་སྤྱིའི་གོམ་བགྲོད་འདུ་ཚོགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་འབྲེལ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ལྗོངས་ཕྱི་ནང་གི་མང་ཚོགས་ཁྲི་10ལྷག་ཙམ་ལྷ་སར་མཉམ་འཛོམས་ཀྱིས་དགའ་སྤྲོའི་དཔལ་ལ་རོལ་རྒྱུ་རེད།
            འདི་ལོའི་ཞོ་སྟོན་ཟླ་8ཚེས་21ནས་27ཉིན་བར་གཉེར་རྒྱུ་ཡིན་ཞིང་། ཞོ་སྟོན་རིང་སྲོལ་རྒྱུན་བྱེད་སྒོའི་རྣམ་གྲངས་ཕུད། ད་དུང་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཅུང་བཟང་བའི“དྲ་ཐོག་ཞོ་སྟོན”དྲིལ་བསྒྲགས་འོས་སྦྱོར་དང་། ཞོ་སྟོན་གྱི་རབ་དགའི་བྱེད་སྒོ མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། ལྷོ་ནུབ་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དྲུག་གི་པར་ལེན་མཉམ་འབྲེལ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གསར་པ་སྤེལ་རྒྱུ་རེད།
           མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་འཁྲབ་སྟོན་ནི་འདི་ལོ་སླར་གསོ་བྱས་པའི་ཞོ་སྟོན་གྱི་སྲོལ་རྒྱུན་རྣམ་གྲངས་ཤིག་རེད། ཟླ་8ཚེས་23ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་བྱང་འདབས་རྟ་རྒྱུག་ཐང་དུ་གཉེར་རྒྱུ་རེད། འཁྲབ་སྟོན་རྣམ་གྲངས་ལ་གཙོ་བོ་རྟ་ཐོག་གི་བྲོ་གར་དང་། རྟ་ཐོག་མདའ་འཕེན། རྟ་ཐོག་ནས་ཁ་བཏགས་སྒྲུག་པ། མི་ཐོག་མི་བརྩེགས། རྟ་གཉིས་མི་གཉིས། རྟ་གཅིག་མི་གཉིས་སོགས་ཀྱི་རྣམ་གྲངས་ཡོད།
            ཞོ་སྟོན་གྱི་རྣམ་པ་བཟང་པོ་བཏོད་ནས་ཞོ་སྟོན་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་8ཚེས་22ནས་28ཉིན་བར་ལྷ་ས་གྲོང་ཁྱེར་མང་ཚོགས་ལུས་རྩལ་ལྟེ་གནས་ཀྱིས་དགའ་སྤྲོ་འཁོལ་བའི་ཞོ་སྟོན་གྱི་རབ་དགའི་བྱེད་སྒོ་སྟེ། ཞོ་དང་། སྦི་རག ཞིམ་ཟས། རོལ་དབྱངས་གཟའ་འཁོར་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་འབྲེལ། ཞིམ་ཟས་འགྲེམས་སྟོན་དང་ཟུང་འབྲེལ་བྱས་ནས་ཞོ་ལྡག་པའི་འགྲན་བསྡུར་དང་། སྦི་རག་འཐུང་བའི་འགྲན་བསྡུར། “ཨ་མ་ལགས་ཀྱི་ཐབ་ཚང”འགྲན་བསྡུར་ཆེན་པོ། བོད་རིགས་ཀྱི་གྱོན་ཆས་ངོམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། གཞན་ཡང་། ད་དུང་ལྗོངས་ཕྱི་ནང་གི་ཕུལ་བྱུང་མི་རིགས་རོལ་ཚོགས་དང་། མི་རིགས་གླུ་གར་འཁྲབ་སྟོན་ཚོགས་པ། ལྷ་མོ་ཚོགས་པ་བཅས་ཀྱིས་འཁྲབ་སྟོན་ཐེངས་མང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།