འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    རྒྱ་གར་གྱི་ཙུང་ལི་མོ་ཏི་(གཡོན་)ཡིས་གྲོས་ཚོགས་ཐོག་འདེམས་ཤོག་འཕེན་བཞིན་པ།
    རྒྱ་གར་གྱི་ཙུང་ལི་མོ་ཏི་(གཡོན་)ཡིས་གྲོས་ཚོགས་ཐོག་འདེམས་ཤོག་འཕེན་བཞིན་པ། 
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། 2017ལོའི་རྒྱ་གར་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་དངོས་སུ་འཕེན་འགོ་ཚུགས་པ་དང་། རྒྱ་གར་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་དང་རྒྱལ་ཕྲན་ཁག་གི་གྲོས་ཚོགས་ཀྱི་ཚོགས་མི་ལས་གྲུབ་པའི་འདེམས་བསྐོ་ཚོགས་པས་རྒྱ་གར་གྱི་ཙུང་ཐུང་གསར་པ་འདེམས་བསྐོ་བྱ་རྒྱུ་ཡིན་ཞིང་། འདེམས་བསྐོ་བྱས་འབྲས་ཟླ་7ཚེས་20ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད། 
         རྒྱ་གར་གྱི་འདེམས་བསྐོའི་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་དུས་ཚོད་ནི་ཚེས་17ཉིན་གྱི་སྔ་དྲོའི་ཆུ་ཚོད་10ནས་ཕྱི་དྲོའི་ཆུ་ཚོད་5བར་ཡིན་ཞིང་། འདེམས་མཁན་མི་གྲངས་4896ལས་གྲུབ་པའི་ཙུང་ཐུང་འདེམས་བསྐོའི་ཚོགས་པས་འདེམས་ཤོག་འཕེན་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་776དང་དེ་བཞིན་རྒྱལ་ཕྲན་ཁག་གི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་བའི་གྲོས་མི་4120འདུས་ཡོད་པ་རེད། 
         ཐེངས་འདིའི་རྒྱ་གར་གྱིས་ཙུང་ཐུང་འདེམས་བསྐོ་བྱ་རྒྱུར་ཐོ་འགོད་བྱས་པའི་འོས་མི་ཁྱོན་བསྡོམས་95ཡོད་ཅིང་། དེའི་ཁྲོད་དུ་མི་93ནི་ཆ་རྐྱེན་དང་མི་མཐུན་པའི་རྐྱེན་གྱིས། མཐའ་མཇུག་ཏུ་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་གྱིས་མིང་བཏོན་པའི་པི་ཧར་མངའ་སྡེའི་འགོ་འཛིན་ལཱ་མོ·ནཱ་ཐེ·ཁའོ་ཝུན་ཏེ་དང་ངོ་རྒོལ་ཏང་གིས་མིང་བཏོན་པའི་རྒྱ་གར་རྒྱལ་ཚོགས་གྲོས་ཁང་འོག་མའི་དབྱི་ཧུའེ་གྲོས་ཚོགས་ཀྱི་བུད་མེད་འགོ་གཙོ་ཟུར་པ་མེ་ལཱ·ཁུ་མར་གཉིས་མཐའ་མའི་ཙུང་ཐུང་འདེམས་བསྐོ་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
         རྒྱ་གར་གྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་དབྱེ་ཞིབ་བྱས་པར་གཞིགས་ན། ཁའོ་ཝུན་ཏེ་ལ་འདེམས་ཤོག་70%ཐོབ་ཤས་ཆེ་བ་དང་། མཐའ་མའི་རྒྱལ་ཁ་ཐོབ་ཤས་ཆེ་བ་སྟེ། རྒྱུ་མཚན་ནི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་དང་རྒྱལ་ཕྲན་ཁག་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་མི་ལས་གྲུབ་པའི་འདེམས་བསྐོ་ཚོགས་པའི་ནང་དུ་སྲིད་སྐྱོང་བྱེད་པའི་རྒྱ་གར་མི་དམངས་ཏང་གིས་འགོ་ཁྲིད་བྱས་པའི་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱིས་གདན་ཐོབ་མང་ཆེ་བ་བཟུང་ཡོད་པས། ཁའོ་ཝུན་ཏེ་ཡིས་ཐེངས་འདིའི་འདེམས་བསྐོའི་ཁྲོད་དུ་ཤུགས་ཆེན་པོ་བཟུང་ཡོད་པ་རེད།
         དོ་སྣང་བྱེད་རིན་ཡོད་པ་ཞིག་ནི་ཁའོ་ཝུན་ཏེ་དང་ཁུ་མར་གཉིས་ཀ"གདོལ་རིགས"རིམ་གྲས་ནས་ཡོང་བ་ཡིན་ཞིང་། ད་སྐབས་རྒྱ་གར་དུ“གདོལ་རིགས”མི་གྲངས་དུང་ཕྱུར་2ལྷག་ཡོད་པ་རེད། ཁོང་ཚོ་ནི་རྒྱ་གར་གྱི་ཆེས་དབུལ་ཕོངས་ཀྱི་རིམ་གྲས་ཡིན་ཞིང་། སློབ་གསོ་དང་འཕེལ་རྒྱས་ཀྱི་གོ་སྐབས་གཞན་དག་དཀོན་པ་རེད། 1997ལོར་ནཱ་ལ་ཡ་ནན་རྒྱལ་ཁའི་ངང་རྒྱ་གར་ལོ་རྒྱུས་ཐོག་གི་སྐྱེ་ཁུངས“གདོལ་རིགས”རིམ་གྲས་ཡིན་པའི་ཙུང་ཐུང་ཨང་དང་པོར་བདམས་ཐོན་བྱུང་བ་རེད། ཐེངས་འདིའི་འདེམས་བསྐོ་ལ་སྐྱེ་ཁུངས“གདོལ་རིགས”ཡིན་པའི་ཙུང་ཐུང་གཉིས་པ་བདམས་ཐོན་འབྱུང་རྒྱུ་རེད། 
         རྒྱ་གར་གྱི་ཙུང་ཐུང་ནི་རྒྱ་གར་རྒྱལ་ཁབ་ཀྱི་གཙོ་བདག་དང་སྤྱི་དམངས་དང་པོ་ཡིན་ལ། རྒྱ་གར་དྲག་ཆས་དམག་དཔུང་གི་ཆེས་མཐོའི་དམག་སྤྱིའང་ཡིན་ཞིང་། ཙུང་ཐུང་ནི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་དང་རྒྱལ་ཕྲན་ཁག་གི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འདེམས་བསྐོ་བྱས་པ་བརྒྱུད་བདམས་ཐོན་བྱུང་བའི་གྲོས་མིས་འདེམས་བསྐོ་བྱེད་རྒྱུ་ཡིན་ཞིང་། སྐབས་རེའི་འགན་འཛིན་ཡུན་ཚད་ནི་ལོ་5རེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།