འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས"སྐར་ཚོགས་བཀྲ་བའི་གྲོང་ཁྱེར"ཞེས་པའི་ཡུལ་སྐོར་མེ་འཁོར་ཤར་གཏོང་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཚོན་མདོག་སྣ་ལྔས་བརྒྱན་པའི་མེ་འཁོར་ཞིག་མཚོ་སྔོན་ཞིང་ཆེན་ཟི་ལིང་མེ་འཁོར་བབས་ཚུགས་ནས་དལ་པོར་ཐོན་ཏེ་གཏེར་ལེན་ཁ་གྲོང་ཁྱེར་ཕྱོགས་སུ་བསྐྱོད། ལམ་བར་དུ་མཚོ་སྔོན་པོ་དང་ཚྭ་ཁ་ཚྭ་མཚོ་སོགས་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་8བརྒྱུད་པའི“སྐར་ཚོགས་བཀྲ་བའི་གྲོང་ཁྱེར”ཞེས་པའི་ཡུལ་སྐོར་མེ་འཁོར་གྱི་ལམ་ཐིག་ཤར་གཏོང་ཐུབ་པ་རེད།
         གཏེར་ལེན་ཁ་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་གནས་ཡུལ་དུ་ཡོད་པ་དང་དེར་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཡོད། དགོང་མོ་ནམ་མཁའ་དྭངས་པའི་སྐབས་སུ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཡིད་དབང་རབ་ཏུ་འཕྲོག་པའི་སྐར་ཚོགས་བཀྲ་བའི་ནམ་མཁའ་ཉམས་སུ་མྱོང་ཐུབ་ཀྱི་ཡོད་པ་དེ་ལས་ད་རེས་ཀྱི་མེ་འཁོར་དེའི་མིང་ཡང་དེ་ལྟར་བྱས་ནས་ཐོབ་པ་རེད།
         “སྐར་ཚོགས་བཀྲ་བའི་གྲོང་ཁྱེར”ཞེས་པའི་ཡུལ་སྐོར་མེ་འཁོར་དེར་ཁྱོན་འཁོར་སྒྲོམ་9ཡོད་པ་དང་འཁོར་སྒྲོམ་ཚང་མར་3Dའབུར་གཟུགས་སྐར་ཚོགས་བཀྲ་བའི་ས་གདན་བཏིང་ཡོད་པ་དང་། ཉལ་ཁྲི་ཡོད་པའི་འཁོར་སྒྲོམ་ནང་ད་དུང་གཏེར་ལེན་ཁའི་མཛེས་ལྗོངས་ཀྱི་པར་རིས་བཀལ་ཡོད། འཁོར་སྒྲོམ་ནང་གི་ཉལ་ཁྲི་དང་སྒེའུ་ཁུང་ཚང་མར་བོད་རིགས་དང་སོག་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་རྒྱན་སྤྲས་ཡོད་པ་དེ་ནི་མི་རིགས་མཐུན་སྒྲིལ་དང་མཉམ་འདྲེས་ཐུབ་པ་ཤུགས་སུ་བསྟན་གྱི་ཡོད་པ་རེད།
         མེ་འཁོར་གྱི་འགན་འཁུར་བ་ལིའུ་ཆིང་གིས་མེ་འཁོར་ནང་གི་ཟ་ཁང་ནི“སྐར་ཚོགས་བཀྲ་བའི་གྲོང་ཁྱེར”ཞེས་པའི་ཡུལ་སྐོར་མེ་འཁོར་གྱི་ཁྱད་ཆོས་གཙོ་བོ་དེ་རེད། མེ་འཁོར་ནང་གི་ཟ་ཁང་གི་རྐུབ་བཀྱག་གི་ཤུབས་སྟེང་བཀོད་པའི་མཚོན་རྟགས་རི་མོ་ནི་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བཟང་མེ་ཏོག་ཡིན་པ་དང་། མེ་འཁོར་ཟ་ཁང་ནང་ནུས་མང་འགྲེམས་ཁུལ་དང་། མིག་མངས་རྒྱག་ཁུལ། ཇའི་སྒྱུ་རྩལ་ངོམས་སྟོན་ཁུལ་བཅས་བཙུགས་ཏེ་རྒན་རྒོན་དང་བྱིས་པ་སོགས་ཚོགས་སྤྱི་མི་འདྲ་བར་དམིགས་ནས་ཁྱད་ཆོས་ལྡན་པའི་ཕྱི་དྲོའི་ཇ་མཁོ་འདོན་བྱེད་ཀྱི་ཡོད། འཕྲུལ་མི“ས་བུམ”གྱིས་མེ་འཁོར་ནང་གི་འགྲུལ་པ་ཚོར་ཞབས་འདེགས་ཞུ་གི་ཡོད་པ་རེད།
         མེ་འཁོར་ནང་ད་དུང་དབུལ་སྐྱོར་ཆེད་སྒྲོམ་བཙུགས་ནས་འདྲེ་ཚེར་མ་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་བྲིན་འཚོང་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་ལ་རམ་འདེགས་ཀྱིས་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད།
         ད་ཐེངས་ཀྱི་མེ་འཁོར་ཉིན་དེ་གའི་ཕྱི་དྲོར་གཏེར་ལེན་ཁ་གྲོང་ཁྱེར་དུ་འབྱོར་ཞིང་། གཏེར་ལེན་ཁའི་སྐར་ཚོགས་རྣམ་པར་བཀྲ་བའི་མཚན་མོ་ཉམས་སུ་མྱོང་རྗེས་ཉིན་གཉིས་པར་ཟི་ལིང་དུ་ལོག་རྒྱུ་དང། ཕྱིར་ལོག་པའི་ལམ་བར་དུ་མཛེས་ལྗོངས་ས་ཚིགས་གཙོ་བོ་ཁག་ཏུ་ཁ་བཀག་ནས་ལྟ་སྐོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།