འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་
    ཀྲུའུ་ཞི་བཅས་ཡིན་པའི་གུང་ཁྲན་ཏང་མིའི་འབད་འཐབ་སྙིང་སྟོབས་
    ནམ་ཡང་མི་ཉམས་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              ——— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་96འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ། 
              ལོ་ཐོ་སླར་ཡང་ཁ་ཕྱེ་ནས་ལྟ་སྐབས་ཟླ་7ཚེས་1ཉིན་ནི་རང་རེའི་ཏང་དབུ་བརྙེས་ནས་ལོ་96འཁོར་བའི་ཉིན་མོ་རེད། སྐབས་འདིར་ཀྲུང་གོའི་ས་གཞི་ཆེ་མོར་མིག་རྒྱང་རིང་པོས་ལྟ་སྐབས། ཏང་ཡོན་ཁྲི་8900ལྷག་ཙམ་གྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་ཁྲོད་བསམ་བློའི་ཉམས་སད་ཐེག་པར་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་ཁྲི་སྟོང་མང་པོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པ། དམར་མདངས་བཀྲ་བའི་ཏང་དར་འོག་ཏང་ཡོན་གསར་པ་དེ་བས་མང་བས་གཟི་བརྗིད་ལྡན་པའི་སྒོ་ནས་དམ་བཅའ་བཞག་སྟེ་ཏང་གི་དཔུང་ཁག་ལ་ཁྲག་རྒྱུན་གསར་པ་སྣོན་བཞིན་ཡོད། ལོ་ངོ་བརྒྱ་འགྲོ་ཉེར་ཡོད་པའི་མར་ཁེ་སི་རིང་ལུགས་ཀྱི་ཏང་སྲིད་ཀྱིས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དར་ཞིང་རྒྱས་པའི་གསོན་ཤུགས་མངོན་པར་བྱེད།
             ཏང་གི་འཁྲུངས་སྐར་གྱི་ཉིན་མོར་ང་ཚོས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མི་སེམས་འགུལ་བའི་བྱས་རྗེས་བསྐྱར་དྲན་བྱེད་སྐབས། སེམས་ལ་སྤོབས་སེམས་ཀྱིས་ཁེངས་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། ལོ་96ཡི་ཆར་རླུང་དྲག་པོའི་ལོ་རྒྱུས་ཀྱི་ལམ་བུ་འདི་གུང་ཁྲན་ཏང་མི་ཁྲི་སྟོང་མང་པོས་དེང་རབས་ཀྱི་ཤེས་དཔལ་གནའ་བོའི་ས་གཞི་འདིར་དར་བར་བྱས་པ་དང་བསྐྱར་དར་གྱི་འཆར་གཞི་རླབས་ཆེན་མི་རིགས་ཀྱི་འབྱུང་འགྱུར་ལ་མངོན་པར་བྱས་པ་འདི་རེད། འགྱུར་མེད་སྟོབས་ལྡན་གྱི་གདོང་ལེན་རུ་ཁག་ནི་ཀྲུང་གོ་མི་དམངས་ཀྱི་སྲོག་ཤིང་དང་རྒྱལ་ཁབ་མི་འཇིག་པར་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཤིག་རེད།
             ཟླ་ཤས་སོང་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་རེད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱིར་བཏང་མིན་པའི་ལོ་5ལ་ཕྱིར་ལྟ་བྱེད་སྐབས། ཀྲུང་གོའི་སྤྱི་ཚོགས་ལ་བྱུང་བའི་ཡར་རྒྱས་ཆེན་པོ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་གི་རྒྱབ་རོལ་ནི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་མཛུབ་ཁྲིད་ནུས་ལྡན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐབས་ཇུས་རྒྱབ་ཕྱོགས་སུ་བཏིངས་པའི་སྣེ་ཁྲིད་དཔེ་སྟོན་ཞིག ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བཙན་ཐབས་ཀྱི་བྱ་སྤྱོད་བཅས་རེད། གནད་དོན་ལ་ཁ་གཏད་གཅོག་ཕོད་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་སེམས་ཤུགས་ལ་བརྟེན་ནས་ཏང་ནན་པོས་སྐྱོང་བ་དང་ཏང་བཅོས་སྐྱོང་བྱས་པས། ཏང་གི་བློ་སེམས་འགུགས་ཤུགས་དང་གོང་བུ་འགྲིལ་ཤུགས་ཇེ་ཆེར་སོང་བ་དང་རང་ངོས་གཙང་སེལ་བྱེད་པ་དང་རང་ངོས་འཐུས་སྒོ་ཚང་དུ་གཏོང་བའི་ཆོད་སེམས་ལ་བརྟེན་ནས་ཏང་ལ་དགའ་ཞེན་དང་ཏང་དར་རྒྱས་བཏང་བས་ཏང་གི་གསར་གཏོད་ནུས་པ་དང་འཐབ་འཛིང་ནུས་པ་ཇེ་ཆེར་སོང་ཡོད། དེ་ནི་ལོ་5ཡི་རིང་གི་གྲུབ་འབྲས་ཚང་མའི་ཁྲོད་ཀྱི་དོན་སྙིང་ཆེ་ཤོས་ལྡན་པའི་གྲུབ་འབྲས་ཤིག་རེད་ལ། ལོ་5ཡི་རིང་གི་འགྱུར་ལྡོག་ཆེ་ཤོས་ཀྱི་འགག་རྩའི་རྒྱུ་རྐྱེན་ཞིག་ཀྱང་རེད།
             དུས་གང་ཞིག་ལའང་མཁར་རྔ་མཉམ་རྡུང་དང་གེགས་མེད་བདེ་བླག་ངང་ང་ཚོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད་བསམ་མི་རུང་། འཕེལ་རིམ་ནས་ཀྲུང་གོར་བལྟས་ན། བཅོས་སྐྱོང་གི་ཆུ་ཚད་ད་དུང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། དཔལ་འབྱོར་འཕར་བར་ད་དུང་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ། སྣོད་བཅུད་ཁོར་ཡུག་ད་དུང་བསྐྱར་གསོ་དང་ལེགས་སུ་གཏོང་དགོས་པ། གཞུང་དྲང་དྲང་བདེན་ད་དུང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་བཅས་ཚང་མ་ནི་སེལ་དཀའ་བའི་གནད་དོན་ཞིག་རེད། ཤེས་དཔལ་གྱི་འཕེལ་རིམ་ནས་ཀྲུང་གོར་བལྟས་ན། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ནི་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་འགྲན་སློང་དྲག་པོ་ཞིག་རེད་ལ་ཀྲུང་གོར་འཕྲད་པའི་ཚོད་བགམ་དྲག་པོ་ཞིག་ཀྱང་རེད། ལོ་རྒྱུས་ཀྱིས་བློ་རྩེ་གཉིས་ལྡན་དང་། སོམ་ཉི་ཅན། སྒྱིད་ལུག་ཅན། གཉོད་ཆུང་ཅན་བཅས་དུས་ནམ་ཡང་བསྒུགས་ནས་སྡོད་མི་སྲིད། ཏང་གི་དུས་རབས་ཀྱི་འགན་འཁྲི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བ་དང་ཏང་ཡོན་གྱི་ལོ་རྒྱུས་འགན་འཁྲི་ནི་གཡོལ་ཐབས་མེད་པ་ཞིག་རེད།
            ལོ་རྒྱུས་ཀྱིས་དཀྲིས་པའི་གཟི་བརྗིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ནི་འབད་འབུངས་ཡར་བརྩོན་གྱི་ངར་སེམས་དང་ཁ་འབྲལ་ཐབས་མེད། དམིགས་ཚད་གྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ལ་ཉེ་བའི་སྐབས་སུ་ལས་དོན་སྒྲུབ་པའི་ངར་སེམས་ཤིག་དགོས་ལ། རི་ཆུ་སྔོ་ཞིང་དྭངས་པར་བྱེད་པའི་ཨུ་ཚུགས་མཐའ་སྐྱེལ་གྱི་སེམས་ཤུགས་ཤིག་ཀྱང་དགོས། ཏང་གི་གཟུགས་བརྙན་དང་གནས་ཚུལ་ཇི་འདྲ་ཞིག་ཡོང་མིན་གྱི་འགག་རྩ་ཏང་ཡོན་ལ་སེམས་ཤུགས་ཇི་འདྲ་ཞིག་ཡོད་མིན་ལ་ཐུག་ཡོད། དེང་དུས་ཀྱི་ཀྲུང་གོས་རྒྱུས་མངའ་མེད་པའི་ཁྱབ་ཁོངས་མང་པོ་ཞིག་ཏུ་སྐྱོད་པ་དང་། ཚོད་ལྟ་བྱེད་པ། འཚོལ་ཞིབ་བཅས་བྱས་ཡོད། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་མང་པོ་ཞིག་ང་ཚོས་དོན་འཁྱོལ་དང་སླར་ཡང་དོན་འཁྱོལ་བྱེད་དགོས་ཀྱི་ཡོད། མི་རིགས་བསྐྱར་དར་གྱི་མིང་ཚིག་ཁྲོད“ལས་སླ་པོ”ཞེས་པའི་མིང་ཚིག་དེ་མེད། “ཏང་དང་རྒྱལ་ཁབ་ཀྱིས་མདུན་ལམ་དང་ལས་དབང་ང་ཚོར་རྩིས་སྤྲད་གནང་བས། ང་ཚོས་འགན་འཁྲི་འཁུར་ཕོད་པ་བྱེད་དགོས”དུས་དང་རྣམ་པ་ཀུན་ཏུ“ལས་འགན་དང་དུ་བླངས་པ་མ་གྲུབ་ན། ཉི་མ་མ་བཞུད་བར་དུ་སེམས་ཁྲལ་བྱེད། ས་སྲོས་བར་དུ་ལས་ཀ་མ་བྱས་ན། མཚན་གང་བདེ་བའི་གཉིད་ལ་ཡུར་ཐབས་བྲལ་བའི”འཐབ་སེམས་རྒྱུན་འཁྱོངས་བྱས་ན། གཞི་ནས་འགྲན་སློང་ཆེན་པོ་དང་ཉེན་ཁ་ཆེན་པོ་གང་ལའང་མི་སྐྲག་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ།
           ལོ་རྒྱུས་ཀྱིས་དཀྲིས་པའི་གཟི་བརྗིད་ཀྱི་འགན་འཁྲི་འཁུར་བར་བསམ་བློའི་དད་སེམས་ཀྱི་སྟོབས་ཤུགས་འཕེལ་བར་བྱེད་དགོས། ཏང་གི་ལོ་96རིང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུས་ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་ཆགས་ས་རྟེན་སའི་རྩ་བ་དང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཡིན་པ་ང་ཚོར་བརྗོད་ཡོད། མི་ཚེའི་གཡུལ་ས་དང་། བྱ་གཞག་གི་འབད་འཐབ། བསླུ་བྲིད་སྣ་ཚོགས་ཀྱི་མདུན་བཅས་སུ་ང་ཚོས་བློས་འཁེལ་ཤོས་ཀྱི་སྟོབས་ཤུགས་ནི་གཞན་མིན་པར་ཆེས་བརྟན་པའི་བསམ་བློའི་དད་སེམས་རེད། “མི་དམངས་ལ་དད་སེམས་ཡོད་པ་དང་། མི་རིགས་ལ་རེ་བ་ཡོད་པ། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ”བཅས་བྱེད་དགོས། ང་ཚོའི་བསམ་བློར་བརྟེན་ནས་གཞན་གྱི་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་ང་ཚོའི་སྤྱོད་གཙང་ལས་སྒྲུབ་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་སྙིང་སྟོབས་འཕེལ་བར་བྱས་ན་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་རེད།
            ལོ་96རིང་གི་འཕོ་འགྱུར་ཆེ་ནའང་ལོ་96རིང་རྒྱུགས་གཏོང་བར་འགྲོ་མཚམས་བཞག་མྱོང་མེད། ད་དུང་ལོ་4སོང་ན་ང་ཚོའི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་རྒྱུ་རེད། ང་ཚོས་གུང་ཁྲན་ཏང་མིའི་འབད་འཐབ་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱས་ནས་ལོ་རྒྱུས་རང་བཞིན་གྱི་རྒྱུགས་ལ་མུ་མཐུད་ཚོད་བགམ་སྣ་ཚོགས་ཐེག་པར་བྱེད་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཏེ་ལོ་རྒྱུས་དང་མི་དམངས་ལ་སྦྱངས་འབྲས་གཟེངས་སུ་ཐོན་པའི་རྒྱུགས་ཤོག་ཅིག་འབུལ་རྒྱུའི་བརྩོན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།