འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྐོར་གྱི་ཀ་ཏ་མན་རྡུའི་གླེང་སྟེགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྐོར་གྱི་ཀ་ཏ་མན་རྡུའི་གླེང་སྟེགས།
         མི་དམངས་དྲ་བའི་འཕྲིན། "ཀྲུང་གོའི་བོད་ལྗོངས་རིག་གནས་སྐོར་གྱི་ཀ་ཏ་མན་རྡུའི་གླེང་སྟེགས་"ཞེས་པ་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མ་རྡུ་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ་རེད། ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བལ་ཡུལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོ། ཀྲུང་གོ་བོད་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས། དེ་བཞིན་བལ་ཡུལ་གྱི་ཨ་ནི་ཀ་མཐུན་ཚོགས་བཅས་ཀྱིས་ཐུན་མོང་གཙོ་གཉེར་བྱས་ཤིང་། གཉེར་ཡུན་ཉིན་6ཡིན་པ་རེད། ཀྲུང་གོའི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཀྱི་ས་ཁུལ་ནས་ཡོང་བའི་ཆེད་ལས་མཁས་པ་དང་མཁས་དབང་ཚོས་བལ་ཡུལ་གྱི་ཆེད་ལས་མཁས་པ་དང་མཁས་དབང་ཚོ་དང་མཉམ་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནད་དོན་ལ་ལྷག་བསམ་ཟོལ་མེད་ངང་བགྲོ་གླེང་བྱས་པ་རེད།
         ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཨན་ཆི་དབྱི་ཡིས་འགོ་ཚུགས་མཛད་སྒོ་ཐོག་སྨོན་ཚིག་ཕུལ་བ་དང་། ཞིབ་འཇུག་ལྟེ་གནས་དབུ་བརྙེས་པ་ནས་བཟུང་བོད་རིག་པ་ཞིབ་འཇུག་དང་ཁྱབ་སྤེལ་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
         བལ་ཡུལ་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གཅིག་ལྕོགས་མཱ་ཧ་ལ་ཡིས་གཏམ་བཤད་གནང་སྐབས་བལ་ཡུལ་ལ་མཚོན་ནས་བཤད་ན། ཀྲུང་གོ་འཕེལ་རྒྱས་བྱུང་བ་ནི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། བོད་ལྗོངས་འཕེལ་རྒྱས་བྱུང་བ་ལའང་དོན་སྙིང་གཏིང་ཟབ་པོ་ལྡན་ཞིང་། ཡུན་རིང་མ་སོང་བའི་སྔོན་དུ་བལ་ཡུལ་དང་ཀྲུང་གོའི་བར"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་ལས་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་བ་ཡོང་ངེས་རེད་ཅེས་བསྟན་པ་རེད།
         བལ་ཡུལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཡུས་ཧུང་གིས་ཐེངས་འདིའི་གླེང་སྟེགས་གཉེར་བ་བརྒྱུད་བལ་ཡུལ་མང་ཚོགས་ལ་དེང་སྐབས་ཀྱི་བོད་ལྗོངས་རྒྱུས་མངའ་སྔར་ལས་མང་བ་ལོན་དུ་བཅུག་ཡོད་ལ། ཀྲུང་གོའི་མང་ཚོགས་ལའང་ཀྲུང་བལ་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་བ་སྔར་ལས་ལེགས་པར་ཤེས་རྟོགས་བྱེད་དུ་འཇུག་ཅིང་། དམངས་སེམས་ཕན་ཚུན་སྦྲེལ་བར་སྐུལ་སྤེལ་བྱས་ཏེ་ཀྲུང་བལ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་སྤྱི་ཚོགས་རྨང་གཞི་སྲ་བརྟན་གཏོང་བའི་རེ་བ་བྱས་པ་རེད།
         བལ་ཡུལ་གྱི་ཙུང་ལི་ཟུར་པ་དང་བལ་ཡུལ་གུང་ཁྲན་ཏང་(མ་ལེ་མཉམ་འབྲེལ་)གི་འགོ་ཁྲིད་ནེ་ཕཱར་ཡང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཁོང་གིས་རང་ཉིད་ཀྱིས་བོད་ལྗོངས་ལ་འཚམས་འདྲི་རིམ་བྱུང་བྱས་པའི་ལོ་རྒྱུས་ཕྱིར་དྲན་བྱས་པ་མ་ཟད། བལ་ཀྲུང་རྒྱལ་ཁབ་གཉིས་བར་དུ་རྨང་གཞིའི་སྒྲིག་བཀོད་དང་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་མུ་མཐུད་ནས་ཟབ་སྤེལ་བྱ་རྒྱུའི་རེ་བའང་བྱས་པ་རེད།
         གཞན་ཡང་། གླེང་སྟེགས་གཉེར་བའི་རིང་ལ་དཔེ་དེབ་འབུལ་བ་དང་། "དེང་དུས་ཀྱི་བོད་ལྗོངས"ཞེས་པའི་དཔེ་དེབ་པར་རིས་འགྲེམས་སྟོན། དེ་བཞིན་བོད་ཀྱི་རིག་གནས་ཤེས་བྱ་གསོ་སྐྱོང་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་ཡང་གཉེར་རྒྱུ་རེད།
    ༄༅།།ཀྲུང་གོའི་བོད་ལྗོངས་རིག་གནས་སྐོར་གྱི་ཀ་ཏ་མན་རྡུའི་གླེང་སྟེགས།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།