འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐོག་ཁང་དང་ཧུར་མའེ་ཉི་བང་སོ་གཉིས་སུ་འཇབ་རྒོལ་གྱི་
    དོན་རྐྱེན་བྱུང་ནས་མི་12གྲོངས་པ་དང་མི་39ལ་རྨས་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དབྱི་རན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐོག་ཁང་།
    དབྱི་རན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐོག་ཁང་།
           མི་དམངས་དྲ་བའི་འཕྲིན། དབྱི་རན་རྒྱལ་ཁབ་ཀྱི་རྒྱལ་ས་ཐེ་ཧེ་རན་གྲོང་ཁྱེར་གྱི་དབྱི་རན་གྲོས་ཚོགས་ཐོག་ཁང་དང་ཐེ་ཧེ་རན་གྲོང་ཁྱེར་ལྷོ་རྒྱུད་དུ་ཡོད་པའི་སྔོན་གཤེགས་ཆེས་མཐོའི་གཙོ་འཛིན་ཧུར་མའེ་ཉི་བང་སོའི་ཕྱི་རོལ་གཉིས་སུ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བ་རེད། ས་གནས་དེ་གའི་སྨྱན་སྦྱོར་དུ་དབྱི་རན་འཕྲལ་སྡོམ་ལས་དོན་སྡེ་ཁག་གི་འགན་ཁུར་མི་སྣའི་སྐད་མ་དྲངས་པ་ལྟར་ན། ད་ལྟ། དོན་རྐྱེན་གཉིས་ལས་ཉུང་མཐར་ཡང་མི་12གྲོངས་པ་དང་མི་39ལ་རྨས་སྐྱོན་ཕོག་འདུག་ཅེས་བརྗོད་ཡོད་པ་རེད།
           གནས་འཕྲིན་དུ། མི་སྣ་གྲོངས་གྲངས་ད་དུང་འཕར་ཉེན་འདུག་པས། དབྱི་རན་འཕྲོད་བསྟེན་བློན་ཆེན་སའེ་དབྱི་ཏེ་•ཧ་སང་•ཧ་ཞི་མི་ཡིས་རྒྱལ་ས་ཐེ་ཧེ་རན་གྱི་སྨན་དཔྱད་ལྟེ་གནས་ཚང་མར་སྨན་བཅོས་གྲ་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད་ཅེས་བརྗོད་པ་རེད།
           དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་གྲོས་མི་ལན་ཅའེ་པར་ཀྲ་ཏེའི་སྐད་ཆ་གནས་འཕྲིན་སྤེལ་བ་ལྟར་ན། ཉིན་དེའི་ཕྱི་དྲོར། དྲག་ཆས་མི་སྣ་བཞི་དབྱི་རན་གྲོས་ཚོགས་ཐོག་ཁང་དུ་ཤོར་ཏེ་མེ་མདའ་བརྒྱབ་པ་དང་། དེའི་ཁྲོད་ཀྱི་འཇབ་རྒོལ་བ་གཅིག་གིས་ཐོག་བརྩེགས་བཞི་པ་ནས་རང་ལུས་ཀྱི་འབར་གས་སྤར་བ་རེད།
           དབྱི་རན་དབྱི་སི་རན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་ནས་དབྱི་རན་གྲོས་ཚོགས་རིག་གནས་དང་སྤྱི་པའི་འབྲེལ་བའི་འགན་ཁུར་མི་སྣ་མའེ་ཧོ་ཏིའི་སྐད་ཆ་དྲངས་པ་ལྟར་ན། བདེ་སྲུང་དམག་དཔུང་དང་དབྱི་སི་རན་གསར་བརྗེའི་སྲུང་དམག་གིས་ཡུལ་དངོས་ཚོད་འཛིན་བྱས་ཡོད་པ་རེད།
           ཉིན་དེར། ཐེ་ཧེ་རན་ལྷོ་རྒྱུད་ཀྱི་དབྱི་རན་སྔོན་གཤེགས་གཙོ་འཛིན་ཧུར་མའེ་ཉི་བང་སོའི་ཕྱི་རོལ་དུ་མེ་མདའ་རྒྱག་པའི་དོན་རྐྱེན་བྱུང་བ་རེད། དབྱི་རན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བ་ལྟར་ན། དྲག་ཆས་མི་སྣ་ཞིག་གིས་ཧུར་མའེ་ཉི་བང་སོའི་ཕྱི་རོལ་གྱི་དངུལ་ཁང་ཞིག་གི་སྒོ་ཁ་ནས་རང་ལུས་ཀྱི་འབར་གས་སྤར་བ་རེད།
           གཞན་ཡང་དབྱི་རན་སློབ་མའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ད་ལྟ། འཇབ་རྒོལ་བ་དྲུག་བསད་པ་རེད།
           གནས་འཕྲིན་ཞིག་ཏུ། དྲག་སྤྱོད་རྩ་འཛུགས་"དབྱི་སི་རན་རྒྱལ་ཁབ་"ཀྱིས་འཇབ་རྒོལ་དོན་རྐྱེན་འདི་བཟོས་པ་ཡིན་ཞེས་བསྒྲགས་པ་རེད།
           འཇབ་རྒོལ་དོན་རྐྱེན་གཉིས་པོ་བྱུང་རྗེས། ཐེ་ཧེ་རན་བདེ་འཇགས་ཨུ་ལྷན་གྱིས་འཕྲལ་མར་ཛ་དྲག་ཚོགས་འདུ་འཚོགས་ཏེ་ཁ་གཏད་བཅལ་བ་རེད། གཞན་ཡང་། སྲིད་གཞུང་ཕྱོགས་ནས་ཐེ་ཧེ་རན་དུ་འཇིགས་སྐུལ་གྱི་འཇབ་རྒོལ་བྱེད་གྲབས་ཡོད་པའི་ཚོགས་པ་ཞིག་བཟུང་བ་ཡིན་ཞེས་དབྱི་རན་ནང་སྲིད་པུའུ་ཡིས་ཡོངས་སུ་བསྒྲགས་པ་རེད།
    སྔོན་གཤེགས་ཆེས་མཐོའི་གཙོ་འཛིན་ཧུར་མའེ་ཉི་བང་སོ།
    སྔོན་གཤེགས་ཆེས་མཐོའི་གཙོ་འཛིན་ཧུར་མའེ་ཉི་བང་སོ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།