འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རྒྱུགས་ཀྱིས་མི་ཚེའི་ལམ་བུར་འགྱུར་ལྡོག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཐོ་རྒྱུགས་ཀྱིས་མི་ཚེའི་ལམ་བུར་འགྱུར་ལྡོག་བྱུང་བ།
          ཟླ་6ཚེས་7ཉིན་ནི་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་ཉིན་དང་པོ་དེ་ཡིན་པས་ན་གཞོན་སློབ་མ་ཁག་གཅིག་རྒྱུགས་རར་བསྐྱོད། 1977ལོར་མཐོ་རྒྱུགས་སླར་གསོ་བྱས་ཚུན་སློབ་མ་གྲངས་མེད་ཞིག་མཐོ་རྒྱུགས་བཏང་ནས་སློབ་གྲྭ་ཆེན་མོར་ཚུད་དེ་མི་ཚེའི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད།
          ཉེ་ཆར་གསར་འགོད་པས་གཤམ་གྱི་མི་སྣ་དག་ལ་བཅར་འདྲི་བྱས་པ་ཡིན།
         མཐོ་རྒྱུགས་སྐབས་ཨང་རྩིས་ཡིག་ཚད་སྐར་མ་40བཏང་བའི་ཨང་རྩིས་དགེ་རྒན།
         པེ་ཅིང་བོད་ལྗོངས་སློབ་འབྲིང་གི་ཨང་རྩིས་དགེ་རྒན་ཧོ་ཀང་ལོ་40གོང་དུ་མཐོ་རྒྱུགས་བཏང་སྐབས་ཕ་ཡུལ་པེ་ཅིང་དུ་བསྡད་མེད།
          1976ལོའི་ཟླ་3ཚེས་15ཉིན་པེ་ཅིང་གི“གཞོན་ནུ་ཤེས་ཡོན་ཅན”ཧོ་ཀང་བོད་དུ་ཐོག་མར་འབྱོར་བ་དང་དེ་ཉིན་ནི་ཁོང་ལོ་19ལ་སླེབས་པའི་སྐྱེས་སྐར་གྱི་ཉིན་མོ་རེད།
         1977ལོའི་སྟོན་ཀར་མཐོ་རྒྱུགས་སླར་གསོ་བྱས་པའི་གསར་འགྱུར་དེ་ཁོང་རུ་ཞུགས་བྱེད་སའི་བོད་ལྗོངས་སྣེ་གདོང་རྫོང་སྐྱེད་པ་ཀུང་ཧྲེར་ཁྱབ་པས་ཁོང་གིས་ལམ་སེང་ནང་མིར་ཁྱིམ་དུ་བཞག་པའི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་ཚང་མ་བསྐུར་རོགས་ཞེས་བཤད། བོད་ལྗོངས་དང་པེ་ཅིང་ལམ་ཐག་རིང་བར་བརྟེན་སློབ་དེབ་ལག་པར་འབྱོར་སྐབས་ཁོང་ལ་བསྐྱར་སྦྱོང་བྱ་རྒྱུའི་དུས་ཚོད་ཉིན་10ལས་མེད།
         མཐོ་རྒྱུགས་ཀྱི་སྦྱང་འབྲས་ཁྱབ་བསྒྲགས་བྱེད་སྐབས་ཧོ་ཀང་ཡིག་ཚད་ཡག་པོ་བྱུང་མེད་པ་དང་ཨང་རྩིས་སྐར་མ་40ལས་ལོན་མེད། འོན་ཀྱང་སྟབས་འཁེལ་བ་ཞིག་ལ་བོད་ལྗོངས་དགེ་འོས་སློབ་གླིང་རྩིས་རིག་ཚན་ཁག་གིས་ཁོང་བསྡུས།
         “ངས་དགའ་ཤོས་བྱེད་ས་ནི་རྩོམ་རིག་ཡིན”“གལ་ཏེ་རྩིས་རིག་ཚན་ཁག་དུ་ཚུད་མེད་ན་བོད་ཀྱི་སློབ་གསོ་དང་ལས་དབང་གཅིག་ཏུ་འབྲེལ་མི་སྲིད། མཐོ་རྒྱུགས་ཀྱིས་ངའི་ལས་དབང་ལ་འགྱུར་ལྡོག་ཐེབས་བྱུང”ཞེས་དགོད་བཞིན་བཤད་བྱུང་།
         ཧོ་ཀང་གི་སློབ་ཆེན་སློབ་གྲོགས་ནང་རྒྱ་རིགས་ཡོད་ལ་བོད་རིགས་ཀྱང་ཡོད་པ་དང་ལོ་ཆུང་ཤོས་16དང་ཆེ་ཤོས་40ཙམ་ལ་སླེབས་པའི་ཕྲུ་གུའི་ཨ་མའང་ཡོད་པ་རེད།
         སློབ་གྲྭ་ཆེན་པོ་ཐོན་རྗེས་ཧོ་ཀང་བོད་ལྗོངས་གོང་དཀར་རྫོང་དུ་དགེ་རྒན་བྱས། 1989ལོར་པེ་ཅིང་དུ་ལས་སྒྱུར་བྱས་ནས་མུ་མཐུད་དགེ་རྒན་བྱས་པ་དང་སློབ་མ་ནི་ནང་སར་སློབ་སྦྱོང་བྱེད་མཁན་གྱི་བོད་རིགས་ཕྲུ་གུ་ཡིན། ཁོང་གི་ངེས་གསལ་ལ་ལོ་ཉི་ཤུ་ལྷག་ཙམ་གྱི་གོང་དུ་དམའ་རིམ་སློབ་འབྲིང་གི་སློབ་མ་བུ་ཞིག་གིས་རྒྱ་སྐད་ཐར་རེ་ཐོར་རེ་བརྒྱབ་ནས་ང་ཁྱིམ་དུ་ལོག་རིམ་བཞིན་པེ་ཅིང་ནས་ལྷ་སར་བསྐྱོད་པ་དང་། ཡང་ལྷ་ས་ནས་ནག་ཆུར་བསྐྱོད་དགོས་པ་དང་པ་ཕས་རྟ་ཁྲིད་དེ་ནག་ཆུ་གྲོང་རྡལ་དུ་སྒུག་སྡོད་ཀྱི་ཡོད། ང་གཉིས་རྟ་བཞོན་ནས་ཉིན་གསུམ་ནས་ལྔ་བར་བསྐྱོད་ཚེ་གཞི་ནས་འབྲོག་ཁྱིམ་དུ་སླེབས་ཀྱི་ཡོད་ཅེས་བཤད་བྱུང་།
         “ང་བོད་དུ་འཚོ་བ་སྐྱེལ་མྱོང་བའི་དབང་གིས་ཕྲུ་གུ་དེ་དག་གི་འཚོ་བའི་ཁོར་ཡུག་ལ་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད”“རྒྱུས་མངའ་དེ་ལྟ་བུ་ཡོད་པས་ངས་ཁོང་ཚོར་རོགས་རམ་བྱ་རྒྱུ་དེ་ནི་ཤོད་མི་དགོས་པའི་བྱ་བ་ཞིག་ཡིན”ཞེས་ཧོ་ཀང་གིས་བརྗོད་བྱུང་།
         ཧོ་ཀང་གིས་སློབ་ཚན་གྲོལ་སྐབས་སློབ་མ་ཚོར་ཀུ་རེ་དང་བཅས“བོད་དུ་ལོག་རྗེས་ལས་ཀ་གང་ཞིག་བྱེད་མཁན་ཡིན་ནམ”ཞེས་དྲིས་ཀྱི་ཡོད། སྐད་ཆ་དེ་དག་དྲིས་ཤོར་ངས་ཀྱང“བསམ་བློ་དེ་འདྲ་ཞིག་བཅངས་ནས་ཁོང་ཚོར་སློབ་ཚན་ཁྲིད་ཀྱི་ཡོད། བོད་ཀྱི་འབྱུང་འགྱུར་ཕྲུ་གུ་དེ་དག་ལ་བརྟེན་དགོས”ཞེས་བརྗོད་བྱུང་།
         “ནག་ཆུའི་སྦྲ་གུར་ནས་ཐོན་པའི་བུ”དེ་ད་ཆ་འགྲིམ་འགྲུལ་སྡེ་ཚན་གྱི་གཞི་རིམ་གྱི་ལས་བྱེད་པར་འགྱུར་པ་དང་ཕ་ཡུལ་གྱི་གཞུང་ལམ་བསྐྲུན་པའི་བྱ་གཞག་ནང་ཞུགས་ཡོད།
         “གཏམ་བཟང་དེ་ཐོས་རྗེས་ང་རང་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་བྱུང་”ཞེས་ཧོ་ཀང་གིས་བརྗོད་བྱུང་།
         ཕ་ཡུལ་གཉིས་པ་པེ་ཅིང་དུ་ཡོད་པའི་བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ།
         མཐོ་རྒྱུགས་སླར་གསོ་བྱུང་རྗེས་བོད་ཀྱི་སློབ་གསོ་ཡང་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད།
         བསྟན་འཛིན་སྒྲོལ་མ་ནི་ཧོ་ཀང་གི་སློབ་མ་ཞིག་ཡིན་ལ་ནང་སའི་བོད་ལྗོངས་འཛིན་གྲྭའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། 1985ལོར་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་16ཏུ་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭ་དུས་གཅིག་ཏུ་སློབ་འགོ་ཚུགས་ཡོད། དེ་རྗེས་བོད་རིགས་སློབ་མ་མང་པོ་ཞིག་གིས་ནང་སའི་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཕུལ་བྱུང་གི་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
          ལོ་19ཡི་གོང་དུ་བསྟན་འཛིན་སྒྲོལ་མ་ཕ་ཡུལ་ལྷ་ས་ནས་པེ་ཅིང་བོད་ལྗོངས་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་བསྐྱོད། མཐོ་རྒྱུགས་བཏང་རྗེས་པེ་ཅིང་དགེ་འོས་སློབ་ཆེན་དུ་ཚུད་པ་དང་། སློབ་གྲྭ་ཐོན་རྗེས་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་བྱས་པ་དང་མིག་སྔར་འབུམ་རམས་པའི་སློབ་གནས་ལ་བརྩོན་བཞིན་ཡོད།
          བསྟན་འཛིན་སྒྲོལ་མའི་དྲན་འཆར་ལ་རྒན་ཧོ་ཀང་ལགས་ཀྱིས་ངར་སློབ་སྦྱོང་གི་སྐོར་དེ་ཙམ་ཤོད་མྱོང་མེད་པར་ངའི་གཤིས་ཀ་དང་འཚར་ལོངས་ཐད་སེམས་ཁུར་ཆེན་པོ་གནང་གི་ཡོད། “རྒན་ཧོ་ལགས་ཀྱིས་ང་ལ་རྒྱུན་དུ་གཤིས་ཀ་གྱོང་པོ་བྱེད་རྒྱུ་མེད། སྐབས་འགར་སྤྲོ་སྣང་ལྡན་པ་ཞིག་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་རེད”ཅེས་གསུངས་མྱོང་ཡོད།
         རྒན་ལགས་ཀྱི་བཀའ་མོལ་དེས་ལོ་བཅུ་གྲངས་ལ་སླེབས་པའི་བསྟན་འཛིན་སྒྲོལ་མར་གཉེན་ཉེས་དྲོ་སྐྱིད་སྦྱིན་པའི་ཚོར་སྣང་བྱུང་ཞིང་། མཐོ་རིམ་སློབ་འབྲིང་དུ་ཚུད་རྗེས་སློབ་གྲོགས་ཚོས་གཟའ་མཇུག་ཏུ་རེས་མོས་ཀྱིས་ཁོ་མོ་ཁྱིམ་དུ་ཁྲིད་ཀྱི་ཡོད། པེ་ཅིང་སློབ་གྲོགས་ཤིག་གི་ཁྱིམ་དུ་བཟའ་མྱོང་བའི་ལུག་ཤའི་དྲོ་བ་དེ་ད་དུང་བརྗེད་མེད། འཛིན་གྲྭའི་ཀྲུའུ་རེན་གྱིས་ཁོང་ལ་ཨ་མ་ལྟར་གྱི་བྱམས་སྐྱོང་གནང་གི་ཡོད། མཐོ་རྒྱུགས་ཀྱི་ཉིན་དང་པོར་ཁོ་མོ་ཡིག་རྒྱུགས་ཡག་པོ་མ་བྱུང་བས་རྒན་ལགས་ཀྱིས་སློབ་གསོ་དང་སྐུལ་ལྕག་མང་པོ་བཏང་བ་བརྒྱུད་སེམས་རྣལ་དུ་ཕབ།
         “པེ་ཅིང་ནི‘ཕ་ཡུལ་གཉིས་པ’ལྟ་བུ་ཡིན”“དེའི་རིང་ངའི་གཤིས་ཀར་འགྱུར་ལྡོག་བྱུང་བ་དང་རང་འགུལ་ངང་སློབ་སྦྱོང་བྱེད་དགོས་པའང་ཤེས་བྱུང”ཞེས་བརྗོད་བྱུང་།
         ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་བཟང་པོས་བོད་ཀྱི་སློབ་མ་མང་པོ་སློབ་གྲྭ་ཆེ་མོར་བསྐྱོད་རྒྱུའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ལ་མི་རབས་གཅིག་གི་ལས་དབང་ལའང་འགྱུར་ལྡོག་བཏང་ཡོད། “སྐབས་དེ་དུས་བོད་ཀྱི་རྨང་གཞིའི་སློབ་གསོ་ད་དུང་བལྟོས་བཅས་རྗེས་ལུས་ཡིན། ནང་སའི་བོད་ལྗོངས་འཛིན་གྲྭས་ཐག་རིང་ས་ཁུལ་གྱི་ཕྲུ་གུ་མང་པོས་ཐད་ཀར་རྒྱལ་ཡོངས་ཀྱི་ཆེས་ཕུལ་བྱུང་གི་སློབ་གསོ་དང་ལེན་ཐུབ་པ་བྱུང་བའི་ཐོག་སློབ་གྲྭ་ཆེ་མོར་ཚུད་རྒྱུའི་གོ་སྐབས་ཀྱང་མང་པོ་ཐོབ་ཡོད། སློབ་མ་དེ་དག་བོད་དུ་ལོག་རྗེས་ཤེས་བྱ་དང་མིག་རྒྱང་གིས་ཉེ་འཁོར་གྱི་མི་དང་མི་རབས་རྗེས་མར་མིག་དཔེ་བཟང་པོ་སྟོན་ཡོད”
         དམའ་རིམ་འཛིན་གྲྭའི་རྒན་བསྟན་འཛིན་སྒྲོལ་མའི་སློབ་མ་38ཚང་མ་སློབ་ཆེན་ལ་རྒྱུགས་འཕྲོད་ནས་ད་ཆ་བོད་ཀྱི་ལས་རིགས་ཁག་ཁྲོད་ཀྱི་རྐང་འཛིན་པར་གྱུར་ཡོད།
         གངས་རི་བརྒལ་བ་དང་འབྲེང་ཟམ་བཞུད་ནས་སློབ་གྲྭར་བསྐྱོད་མཁན་གྱི་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི།
         མོན་པ་རིགས་ཀྱི་བུ་མོ་བཀྲ་ཤིས་ལྷ་མོ་ནི་བོད་ལྗོངས་སློབ་ཆེན་གྱི་རྒན་བསྟན་འཛིན་སྒྲོལ་མས་འཁྲིད་མྱོང་བའི་སྐབས་དང་པོའི་སློབ་མའི་གྲས་རེད། ཐོག་མར་རྒན་བསྟན་འཛིན་སྒྲོལ་མས་བུ་མོ་དེ་གཤིས་ཀ་འཇམ་ཡང་གདེང་ཚོད་མེད་པ་ཞིག་མཐོང་། བཀྲ་ཤིས་ལྷ་མོའི་ཁྱིམ་བོད་ལྗོངས་མེ་ཏོག་རྫོང་བྱང་རྒྱུད་ཀྱི་རི་གྲོང་ཞིག་ཏུ་ཡོད་པ་དང་གཞུང་ལམ་ཡང་མེད། 2013ལོའི་ལོ་མཇུག་ཏུ་མེ་ཏོག་རྫོང་ཏུ་རླངས་འཁོར་ཤར་གཏོང་ཐུབ་ཀྱང་ཁོ་མོའི་གྲོང་ཚོ་ནས་རྫོང་གྲོང་དུ་བསྐྱོད་པར་ཉིན་གཉིས་ཀྱི་ལམ་ཚད་ཡོད།
         ཕ་སྔ་ནས་གྲོངས་པ་དང་ཨ་མ་ཡང་ལོ་མཐོ་བའི་རྐྱེན་གྱིས་ཁྱིམ་ཚང་གི་འཚོ་བ་སྐྱོ་ཙམ་ཡོད། བཀྲ་ཤིས་ལྷ་མོའི་ཆུང་དུས་ཀྱི་འདུན་པ་ཆེ་ཤོས་ནི་ལས་ཀ་ཡག་པོ་ཞིག་བཙལ་ནས་ཨ་མ་གྲོང་ཁྱེར་ནང་བསུ་རྒྱུ་དེ་ཡིན། འོན་ཀྱང་སློབ་གྲྭར་བསྐྱོད་སྐབས་ཁོ་མོའི་སེམས་ནང་མཐོ་རྒྱུགས་ནི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པའི་ལམ་བུ་འབའ་ཞིག་དེ་ཡིན་པ་རྟོགས།
         1985ལོར་བོད་དུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཚོར་ཟ་སྡོད་སློབ་ཡོན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པས་ཁྱིམ་ཚང་ལ་དཀའ་ངལ་གང་འཕྲད་ཀྱང་བཀྲ་ཤིས་ལྷ་མོའི་སློབ་ཡོན་ལ་སེམས་ཁྲལ་བྱུང་མེད། ཁོང་མཐོ་རིམ་སློབ་འབྲིང་དང་སློབ་ཆེན་གྱི་སློབ་ཡོན་ཚང་མ་མེ་ཏོག་རྫོང་སྤྱི་བདེ་ཅུས་ཀྱིས་རོགས་རམ་བྱས་ཡོད།
         མཐོ་རྒྱུགས་ཀྱི་སྦྱང་འབྲས་ཁྱབ་བསྒྲགས་བྱེད་སྐབས་བཀྲ་ཤིས་ལྷ་མོ་གླ་པ་བྱེད་བཞིན་ཡོད། རང་ཉིད་སློབ་གྲྭ་ཆེ་མོར་ཚུད་པ་ཤེས་སྐབས་དགའ་ངུ་ཤོར།
         “སློབ་ཆེན་གྱིས་ང་ལ་འཇིག་རྟེན་གསར་པ་ཞིག་སྦྱིན་པ་མ་ཟད། ངའི་མི་ཚེར་རྦད་དེ་འགྱུར་ལྡོག་ཕྱིན་སོང”ཞེས་བཀྲ་ཤིས་ལྷ་མོས་དེ་ལྟར་བརྗོད་བྱུང་། ད་ཆ་ཁོང་ལ་ཁྱིམ་ཚང་ཡོད་པའི་ཐོག་ལས་ཀ་ཡང་བརྟན་པོ་ཞིག་རག་ཡོད།
          རྒན་བསྟན་འཛིན་སྒྲོལ་མས“བཀྲ་ཤིས་ལྷ་མོ་དང་འདྲ་བའི་སློབ་མ་མང་པོ་ཡོད། ཞིང་འབྲོག་པའི་བུ་ཕྲུག་སློབ་ཆེན་དུ་ཚུད་རྗེས་མིག་རྒྱང་ཆེ་རུ་ཕྱིན་པ་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་གི་འདུག སློབ་གྲྭ་ཆེ་མོ་ནི་མི་མང་པོ་ཞིག་གི་མི་ཚེར་འགྱུར་ལྡོག་གཏོང་སའི་གནས་རེད”ཅེས་བརྗོད་བྱུང་།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།