འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཐོ་རྒྱུགས་ཀྱི་བདེ་འཇགས་འགན་ལེན་བྱེད་འགོ་ཚུགས་པ།

    ཡིག་རྒྱུགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁག་གཅིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཐོ་རྒྱུགས་གོང་སྤྱི་བདེ་པུའུ་དང་སློབ་གསོ་པུས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་2017ལོའི་མཐོ་རྒྱུགས་ཀྱི་བདེ་འཇགས་འགན་ལེན་ལས་དོན་བཀོད་སྒྲིག་བྱས་ཏེ་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྡེ་ཚན་ལ་ཕན་ཚུན་གཞོགས་འདེགས་ཧུར་ཐག་བྱས་ནས་ཡིག་རྒྱུགས་རྐུ་རྒྱུ་སྒྲིག་འཛུགས་བྱེད་མཁན་ལ་རྡུང་རྡེག་གཏོང་བ་དང་། རྐུ་བཤུའི་ཡོ་བྱད་ཕྱིར་འཚོང་བྱེད་པར་རྡུང་རྡེག་གཏོང་བ། ཡིག་རྒྱུགས་ཚབ་གཏོང་བྱེད་པར་རྡུང་རྡེག་གཏོང་བ་བཅས་དང་རྒྱུགས་གནས་ཉེ་འགྲམ་གྱི་ཁོར་ཡུག་གཙང་མ་བཟོ་བ་སོགས་ཆེད་དོན་བྱ་སྤྱོད་མང་པོ་སྤེལ་བ་དང་ཡིག་རྒྱུགས་དང་འབྲེལ་བའི་ཉེས་གསོག་བྱེད་སྤྱོད་ལ་ཞིབ་བཤེར་མཐར་ཕྱིན་པ་བྱས་ཏེ་རྡུང་རྡེག་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བྱ་ཐབས་ནན་པོ་སྤྱད་དེ་ཡིག་རྒྱུགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁག་གཅིག་རྩད་ཆོད་ཐུབ་པ་སྟེ། ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་དྲ་ཐོག་ཏུ་ཡིག་རྒྱུགས་རྐུ་རྒྱུ་སྒྲིག་འཛུགས་བྱེད་པའི་ཁུངས་སྣེ་ཞིག་མྱུལ་ཞིབ་ཐུབ་ནས་ལག་ཐོགས་ཁ་པར་གྱི་APPམཉེན་ཆས་སྤྱད་དེ་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་རྐུ་རྒྱུ་སྒྲིག་འཛུགས་བྱེད་པའི་ཚོགས་པ་ཞིག་མེད་པ་བཟོས་པ་དང་ཉེས་གསོག་དོགས་ཅན་9འཛིན་བཟུང་བྱས་ཡོད། སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་དྲ་ཐོག་ནས་ཞིབ་བཤེར་དང་སྤྱི་ཚོགས་ཐོག་གྲལ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ་ཀུའེ་ཀྲོའུ་དང་། ཅང་ཤིས། ཡུན་ནན། ཅི་ལིན་སོགས་ས་ཆར་བརྟག་དཔྱད་དཔང་ལེན་དང་མྱུལ་ཞིབ་ཀྱིས་ཁུངས་སྣེ་འཚོལ་བ་སོགས་བྱས་པས་རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུ་རུ་ཁྱབ་པའི་ཡིག་རྒྱུགས་རྐུ་རྒྱུའི་སྒྲིག་འཛུགས་བྱེད་མཁན་ཚོགས་པ་ཞིག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་14འཛིན་བཟུང་བྱས་ཡོད། ཀོང་ཏུང་ཉེན་རྟོག་ཕྱོགས་ཀྱིས་སློབ་གསོ་སྡེ་ཚན་གྱི་བརྡ་ཁྱབ་གཞིར་བཟུང་དྲ་ཚུགས་རྫུས་མ་སྤྱད་དེ་རྒྱུགས་སྤྲོད་སློབ་མར་ཁ་བསླུས་རྒྱག་པ་སོགས་ཉེས་གསོག་ཚོགས་པ་ཞིག་འཕྲལ་མར་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་21འཛིན་བཟུང་བྱས་ཡོད། གྱོད་འབྲེལ་དྲ་ཚུགས་87ཞིབ་བཤེར་ཐག་གཅོད་ཐུབ་པ་དང་གནོད་འཚེ་ཕོག་མཁན་ལ་ཁ་བསླུས་རྒྱག་པའི་ཆ་འཕྲིན་8000ལྷག་ཙམ་རག་ཡོད། ཧོ་པེའི་ཉེན་རྟོག་ཕྱོགས་ཀྱིས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པ་གཞིར་བཟུང་། ཟླ་བ་གསུམ་ཙམ་མྱུལ་ཞིབ་ནན་པོ་བྱས་པ་བརྒྱུད་ཧེ་ལུང་ཅང་དང་། ཅི་ལིན། ཀན་སུའུ་སོགས་ས་ཆར་ཐེངས་མང་བསྐྱོད་དེ་ཁྲིམས་འགལ་ངང་ཡིག་རྒྱུགས་ཀྱི་ནང་དོན་དང་ལན་མཁོ་འདོན་བྱེད་པའི་གྱོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་སྒོ་ནས་རྩད་ཆོད་དེ་ཉེས་གསོག་དོགས་ཅན་8འཛིན་བཟུང་བྱས་པ་དང་ཡིག་རྒྱུགས་རྐུ་རྒྱུ་སྒྲིག་འཛུགས་བྱེད་མཁན་ནག་ཚོགས་3མེད་པ་བཟོས་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།