འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྒོར་དུང་ཕྱུར་1ལྷག་བཏང་ནས་གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་
    རྟེན་གཞི་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ནི། ད་ཆ་ཀྲོའུ་དེས་སྒོར་དུང་ཕྱུར་1ལྷག་བཏང་ནས་གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་ཕྱོགས་ཐོན་རྟེན་གཞི་ཞིག་བསྐྲུན་རྒྱུ་ཡིན་པ་རེད།
         མཚོ་བྱང་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ལིའུ་པའོ་ཁྲུན་གྱིས་2016ལོར་མཚོ་བྱང་ཀྲོའུ་སྲིད་གཞུང་དང་རྒྱལ་ཁབ་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་《མཚོ་སྔོན་ཞིང་ཆེན་མཚོ་བྱང་ཀྲོའུ་འཇུ་ལག་གངས་དཀར་གྱི་གངས་ཤུད་རི་འཛེག་རྟེན་གཞི་མཉམ་དུ་གསར་སྤེལ་བྱ་རྒྱུའི་སྐོར་གྱི་གྲོས་མཐུན་ཡི་གེར་》མིང་རྟགས་བཀོད་ནས་གངས་དཀར་དེ “རྒྱལ་ཁབ་ཀྱི་གངས་ཤུད་རི་འཛེག་རྟེན་གཞིར”གཏན་ལ་ཁེལ་ཞིང་། ད་ཆ་《མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་(2012ལོ་ནས་2020ལོ་བར)》ལ་གཞིགས་ནས་མཚོ་བྱང་ཀྲོའུ་སྲིད་གཞུང་གིས་གངས་ཤུད་རྟེན་གཞི་གཙོ་གནད་དུ་བསྐྲུན་ནས་སྒོར་དུང་ཕྱུར་1ཙམ་རི་འཛེག་ཡུལ་སྐོར་གཞུང་ལམ་དང་། གངས་ཤུད་རི་འཛེག་སྒར་ས་ཆེན་མོ། ཡུལ་སྐོར་བར་སྣེ་ལེན་ཞབས་ཞུའི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་ཐད་བཏང་ཟིན་ཞིང་། གོམ་སྟབས་རྗེས་མར། ཚོང་འགུགས་མ་འདྲེན་དང་སྲིད་གཞུང་གིས་མ་དངུལ་གཏོང་བ་སོགས་ཀྱི་ཐབས་ལམ་མང་པོར་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ས་མཐོའི་ལུས་རྩལ་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཝུའེ་ཏུང་གིས། ལོ་ལྟར་གྱི་ཟླ་བ་ལྔ་པ་ནས་བདུན་པའི་རིང་། གངས་དཀར་རྒྱུད་ལ་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་12ལ་སླེབས་ནས“དབྱར་གཞུང་གི་གངས་ཤུད་རི་འཛེག་གི་སྐྱིད་ཚལ”དུ་འབོད་ཀྱི་ཡོད། ད་ཆ་འཇུ་ལག་རྫོང་གིས“གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་སྤེལ་རེས་འདུ་ཚོགས”སྐབས་བདུན་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ནས་གངས་དཀར་གྱིས་འཛམ་གླིང་གི་གངས་ཤུད་རི་འཛེག་ལ་དགའ་བ་ཚོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་ནས་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གངས་ཤུད་རི་འཛེག་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྤེལ་རེས་ཀྱི་ལས་སྟེགས་ཤིག་དེ་བས་བསྐྲུན་ཐུབ་རྒྱུ་རེད་ཅེས་བཤད།
         “ད་ཆ་ང་ཚོས‘མི་དུང་ཕྱུར་གསུམ་ལྷག་གངས་ཤུད་གློད་རྒྱུའི’རྒྱལ་ཁབ་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་གངས་དཀར་རྟེན་གཞིའི་རྨང་གཞིའི་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དབྱར་གཞུང་གི་མཚོ་བོད་ས་མཐོར་གངས་ཤུད་རི་འཛེག་ལ་དགའ་བ་ཚོས་གངས་འཁྱག་གིས་ཡིད་དབང་མེད་དུ་འཕྲོག་པར་གྱུར་པའི་ཡིད་ཆེས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་དེ་ལྟར་བཤད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།