འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྩྭ་ཐང་སྟེང་དུ་གློག་རྡུལ་ཚོང་དོན་འཕེལ་རྒྱས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བྱང་རྩྭ་ཐང་གི་འབྲོག་ཁུལ་དུ་བསམ་ཡུལ་ལས་འདས་པའི་གློག་རྡུལ་ཚོང་དོན་རྩ་བ་བརྟན་པོ་ཚུགས་ནས་འཕེལ་རྒྱས་མྱུར་པོ་བྱུང་སྟེ་དེ་ཁུལ་གྱི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་གློག་རྡུལ་ཚོང་དོན་བརྒྱུད་ཕྱི་ཕྱོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། ན་ནིང་འཁྲུག་ཆ་དོད་པའི“ཟླ་11ཚེས་11”ཉིན་མོར་བོད་ལྗོངས་ནག་ཆུ་དཔལ་མགོན་རྫོང་གི་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཉིན་གཅིག་ལ་ལས་གཉེར་དངུལ་གྲངས་སྒོར་ཁྲི་5000ལྷག་ཙམ་ཟིན་ཡོད་པ་རེད།
          གློག་རྡུལ་ཚོང་དོན་ལས་སྟེགས་ཁང་དེའི་ནང་སྐྱོད་སྐབས་དེ་ཙམ་རྒྱ་ཆེན་པོ་མེད་པའི་འགྲེམས་ཚོམས་ནང་ལྟ་བས་མི་ཁོམ་པའི་ཁྱད་ལྡན་ཚོང་ཟོག་བསྒྲིགས་ནས་བཞག་འདུག ཕོ་བཞོན་རྡོ་རྗེས་དགའ་ཚོར་ཆེན་པོའི་ངང་གསར་གཏོད་ལས་གཏོད་ཡོང་ཆེད་གསོ་སྤེལ་ལྟེ་གནས་ཀྱིས“དྲ་སྦྲེལ+”གང་ལེགས་སྤྱད་ནས་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་གྱི་ཕྱོགས་ག་པའི་ལས་སྟེགས་གཉེར་སྐྱོང་མ་ལག་བསྐྲུན་ནས་སྲིད་གཞུང་གིས་བཏོད་པའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྤྱོད་པ་དང་། ལས་ཞུགས་ཀྱི་སྐུལ་འདེད་སྲིད་ཇུས་ཕྱོགས་བསྡུས་བེད་སྤྱོད། སྤྱི་ཚོགས་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ། ལས་གཏོད་རྣམ་གྲངས་འོས་སྦྱོར་དང་ལས་གཏོད་ཁོར་ཡུག་ལེགས་གཏོང་། ལས་གཏོད་རྣམ་གྲངས་རག་ཐབས། རྫོང་ཁོངས་ཀྱི་ཐོན་ཁུངས་མཐུན་སྦྱོར་བཅས་བྱས་ཏེ་གསོ་སྦྱོང་ལ་བརྟེན་ནས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས།
          ལག་ལེན་གྱི་བརྒྱུད་རིམ་ནང་དཔལ་མགོན་རྫོང་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱིས་རྒྱལ་ཡོངས་སུ་ཕྱིར་ཚོང་ཐབས་ལམ་འཚོལ་ཞིབ་བྱས་ནས་དྲ་རྒྱའི་ཕྱིར་ཚོང་དངུལ་གྲངས་མཐོ་རུ་གཏོང་བ་དང་ཕྱོགས་ག་པའི་ལས་སྟེགས་ཀྱིས་བཙུགས་པའི་དཔལ་མགོན་མི་རིགས་ཁྱད་ལྡན་ཁང་དང་། བོད་བྱང་ཐང་གི་དམངས་སྲོལ་ཁྱད་ལྡན་ཁང་། ཧྲེང་མེ་ཚོང་གྲོང་དཔལ་མགོན་ཁྱད་ལྡན་ཁང་བཅས་ལ་བརྟེན་ནས་དཔལ་མགོན་གྱི་ཧྲེང་མེའི་སྤུས་ལེགས་ཐོན་རྫས་དྲ་ཐོག་ཏུ་ཕྱོགས་ཡོངས་ནས་གཉེར་ཚོང་བྱེད་འགོ་ཚུགས་ཡོད་པ་རེད། མིག་སྔའི་བར“དཔལ་མགོན་གྱི་གཡང་ཊི”དང“མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས”སོགས་དྲ་ཐོག་ཏུ་ཕྱིར་ཚོང་དངུལ་གྲངས་སྒོར་14700ཟིན་ནས་དྲ་ཐོག་ཚོང་ཁང་5ཡིས་ཆ་འཕྲིན་ཡོངས་བསྒྲགས་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ནུས་པ་ཐོན་རྒྱུར་སྐུལ་ཁྲིད་ཐུབ་སྟེ་ཟོག་འགྲེམས་མཛོད་ཉར་ཆ་འཕྲིན་དོ་དམ་མ་ལག་བསྐྲུན་ཡོད་པ་རེད། ཆ་འཕྲིན་མ་ལག་བསྐྲུན་པ་བརྒྱུད། ཟོག་འགྲེམས་ཀྱི་ཐུམ་སྒྲིལ་ཆུང་ངུའི་ཆ་འཕྲིན་འདྲི་རྩད་དང་ཟོག་འགྲེམས་ཆ་འཕྲིན་ཡོངས་བསྒྲགས་ཐུབ་པ་དང་ས་ཁོངས་ཀྱི་ཟོག་འགྲེམས་ཆ་འཕྲིན་གཅིག་གྱུར་དོ་དམ་དང་གཅིག་གྱུར་མཐུན་སྦྱོར་ཐུབ་ནས་ཞིང་འབྲོག་ཁུལ་དུ་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་རྒྱ་སྐྱེད་ཐུབ་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཁྲོམ་རར་ཞུགས་པ་དང་དུས་མཚུངས་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་ཐུབ་ནས་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་ཚད་གཞི་ཅན་འཛུགས་རྒྱུར་སྐུལ་འདེད་ཐུབ་པ་དང་། ཐོན་སྐྱེད་ཀྱི་བརྒྱུད་རིམ་འཆར་འགོད་ཐུབ་པ། བློ་རྩེ་གཅིག་སྒྲིམ་གྱིས་དེ་ཁུལ་གྱི་ཞིང་འབྲོག་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ལ་དམིགས་ནས་སྔོག་འདོན་དང་། ཐོ་འགོད། ཇུས་འགོད། ཐུམ་སྒྲིལ། འགྲེམས་སྟོན། དྲ་ཐོག་ཕྱིར་ཚོང་བཅས་ཐུབ་ཡོད་པ་རེད། མིག་སྔའི་བར་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་བསྡུ་རུབ་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་འབྲེལ་ཐོན་རྫས་སྤུས་རྟགས་ལ“བྱང་རྩྭ་ཐང”ཞེས་བཏགས་པ་དང་ཐུམ་སྒྲིལ་ཇུས་འགོད་སོགས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད།
          དཔལ་མགོན་རྫོང་གློག་རྡུལ་ཚོང་དོན་ལས་སྟེགས་གྲོང་གསེབ་ཏུ་ཁྱབ་གདལ་བྱུང་བ་དང་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ལས་སྟེགས་ལ་བརྟེན་ནས་གློག་རྡུལ་ཚོང་དོན་གསོ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གློག་རྡུལ་ཚོང་དོན་སྐྱོང་གསོའི་མ་ལག་བསྐྲུན་པ་དང་འབྲེལ་དཔལ་མགོན་རྫོང་ཤང་གྲོང་ཞབས་ཞུའི་ལྟེ་གནས་བསྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག་ད་ཡོད་ཀྱི་ཤང་གྲོང་དང་གྲོང་ཚོ་རིམ་པའི་དྲ་ཚུགས་ཀྱི་རྨང་གཞིའི་ཐོག་སྒྱུར་བཀོད་བྱས་ནས་མིག་སྔར་རྫོང་དང་གྲོང་རྡལ་དུ་སྲིད་འཛིན་གྲོང་ཚོའི་དྲ་ཚུགས་བཙུགས་ནས་རོགས་སྐྱོར་6ནུས་པའི་རོགས་སྐྱོར་ས་ཚིགས་སུ་གྱུར་ཏེ“དྲ་ཚུགས་གཅིག་ཐེངས་མང་སྤྱོད་པ་དང་། ཚོང་ཁང་གཅིག་ཐེངས་མང་སྤྱོད་པའི”རྣམ་པའི་དྲ་ཚུགས་སྤྱོད་འགོ་ཚུགས་ཡོད་པ་རེད། ད་དུང་ཞིང་འབྲོག་པས་ཅ་དངོས་ཉོ་སྒྲུབ་དང་། གྲོན་སྐྱེལ། འཛིན་ཤོག་མངགས་ཉོ་སོགས་གཅིག་འཐུས་རྣམ་པའི་ལས་དོན་སྒྲུབ་སྟངས་ཆགས་ནས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་བེད་སྤྱོད་ཀྱི“མཐའ་མའི་འགག་གནད”ཐག་གཅོད་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།