འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཚྭ་འདམ་གཤོངས་སས་ལེགས་ཆར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་
    ཁུལ་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བསྟར་བར་བརྟེན་ནས་ཉེ་བའི་ལོ་ཤས་ནང་ཚྭ་འདམ་གཤོངས་སས་ས་ཁོངས་ཀྱི་མཉམ་ལས་བྱས་པ་བརྒྱུད་ཐོན་ལས་དང་རིག་གནས་འབྲེལ་འདྲིས་ཡོང་བར་སྐུལ་མ་བཏང་སྟེ་ནུབ་རྒྱུད་ལ་སྒོ་མོ་འབྱེད་པའི་རང་རྒྱལ་གྱི་སྦྲེལ་ཚིགས་གྲོང་རྡལ་གལ་ཆེན་ཧུར་ཐག་བཏོད་དེ“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དང་མགྱོགས་མྱུར་འབྲེལ་འདྲིས་ཡོང་བར་གོ་སྐབས་ཐོབ་པར་བྱས་པ་རེད།
          འཁོར་རྒྱུག་དཔལ་འབྱོར་གྱིས“རྒྱུད་གཅིག་ལམ་གཅིག”དང་འབྲེལ་འདྲིས་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བཏིང་བ།
         “ནོར་གཞོང”ཞེས་གྲགས་པའི་ཚྭ་འདམ་གཤོངས་སར། འབྲེལ་ཡོད་གྲངས་གཞི་ལྟར་ན། དེའི་ཐོན་ཁུངས་ཀྱི་རིན་ཐང་བསྡོམས་འབོར་ད་ཡོད་ཀྱི་གོང་ཐང་ལ་ཕབ་ན་སྒོར་དུང་ཕྱུར་ཁྲི་158ཟིན་གྱི་ཡོད། འདིར་རྒྱལ་ཡོངས་སུ་བཀོད་སྒྲིག་བྱས་པའི་མཚོ་བོད་ས་མཐོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་གཅིག་པུ་དེ་གནས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་། ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1979.26ཟིན་པའི་ནང་། བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར་1798.26ཟིན་ཡོད། ད་ཆ་ཚོད་ལྟའི་ཁུལ་དུ་གཏན་སྡོད་བཟོ་ལས་ཁེ་ལས་482ཟིན་པའི་ནང་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཁེ་ལས་134ཡོད་པ་རེད།
          “ཚྭ་མཚོའུའི་ཐོན་ཁུངས་ཕྱོགས་བསྡུས་ངང་སྤྱོད་རྒྱུ་གཙོ་བོར་བྱས་ནས་གཏེར་རྒྱུ་ཅཱ་དང་། ནཱ། མཱེ། ལི། ཚ་ལ་སོགས་ཐོན་ཁུངས་སྐས་རིམ་བཞིན་གསར་སྤེལ་བྱ་རྒྱུར་སྐུལ་མ་བཏང་བ་བརྒྱུད། ཚྭ་འདམ་གཤོངས་སའི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་ཐད་ཐོན་ལས་མང་པོ་མཉམ་འདྲེས་ངང་འཕེལ་རྒྱས་དང་འཁོར་སྐྱོད་ཐོན་ལས་འབྲེལ་ཐག་འཁོར་སྐྱོད་ཐུབ་པ་བྱུང་ཡོད”ཅེས་ཚྭ་འདམ་གཤོངས་སའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་མོ་ཀྲུང་མིང་གིས་དེ་ལྟར་བཤད། ཁོང་གིས་ཚྭ་འདམ་གཤོངས་སའི་ཁིལ་འགྱུར་ཅཱས་གཙོས་པའི་ཅཱ་ཁོངས་ཀྱི་ཐོན་ནུས་ཏུན་ཁྲི་1000ལས་བརྒལ་བ་ནི་རྒྱལ་ཡོངས་སུ་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཤིག་ཡིན་པ་རེད་ཅེས་བཤད།
        “ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པའི་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་རུབ་བསྡུས་ཆགས་པ་བྱས་པ་དེས་ཚྭ་འདམ་གཤོངས་ས་དེ‘རྒྱུད་གཅིག་ལམ་གཅིག’གི་དཔལ་འབྱོར་ཐོན་ལས་མཉམ་ལས་དང་སྦྲེལ་མཐུད་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད”ཅེས་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལོན་ཧྥེང་ཅང་གིས་བཤད་པ་དང་། ཁོང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྦྲེལ་མཚམས་གལ་ཆེན་ཞིག་བསྐྲུན་རྒྱུའི་ཐད་ཚྭ་འདམ་གཤོངས་སར་ཐོན་ལས་ཀྱི་ལེགས་ཆ་ཆེ་རིགས་མངོན་གསལ་དོད་པོ་ལྡན་སྟབས་ཆར་པ་ཆུ་གྲོགས་སུ་འགྱུར་བ་ལྟ་བུར་བྱུང་ཡོད་ཅེས་བཤད།
         “ལམ་བཞིར”བརྟེན་ནས“རྟེན་གཞི་ལྔ”སྐྱེད་སྲིང་བྱས་པ།
         “ཚྭ་འདམས་གཤོངས་ས་དེ་ནུབ་ཤིན་ཅང་ནས་ཨེ་ཤེ་ཡ་དབུས་མར་འགྲོ་ས་དང་། ལྷོ་བོད་ནས་ཨེ་ཤེ་ཡ་ལྷོ་མར་འགྲོ་ས་དང་འབྲེལ་བས། གནའ་སྔ་མོ་ནས་དར་གོས་ལྷོ་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་རེད”ཅེས་ལོན་ཧྥེང་ཅང་གིས་བཤད། ཁོང་གིས་སྟབས་བདེ་ལ་ཕན་ནུས་ཆེ་བའི་ཕྱོགས་ཀུན་འབྲེལ་བའི་འགྲིམ་འགྲུལ་དྲ་རྒྱ་ཞིག་བསྐྲུན་ནས་ཚྭ་འདམ་གཤོངས་ས་དེས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་གྱི་ལམ་བཞི་གཉེར་སྐྱོང་ཡག་པོ་བྱ་རྒྱུ་ཡིན་པ་རེད་ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། ལམ་བཞི་པོ་ནི“ལན་ཀྲོའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་དང་མཚོ་བོད་ས་མཐོའི་ལྕགས་ལམ་དང་དེ་བཞིན་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་གོར་མོ་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ལ་བརྟེན་ནས་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་འབྲེལ་བའི་བགྲོད་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་། གོར་མོ་ནས་ཁོར་ལེའི་བར་གྱི་ལྕགས་ལམ་ལ་བརྟེན་ནས་ཤིང་ཅང་དང་། ཨེ་ཤེ་ཡ་དབུས་མ་དང་ནུབ་མའི་དབར་སྤེལ་རེས་མཉམ་ལས་ཀྱི་བགྲོད་ལམ་གཏོད་རྒྱུ། ཚྭ་འདམ་གཤོངས་ས་ནས་རྨ་ནུབ་བར་ཁྱམས་དང་ཧོའར་ཀོ་སིའི་གཞུང་ལམ་སོགས་ལ་བརྟེན་ནས་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་རྒྱལ་ཁབ་ལ་སྒོ་མོ་འབྱེད་པའི་བགྲོད་ལམ་ཤར་གཏོང་བྱ་རྒྱུ། མཚོ་བོད་གཞུང་ལམ་དང་མཚོ་བོད་མྱུར་བགྲོད་གཞུང་ལམ་ལ་བརྟེན་ནས་བོད་ནས་རྒྱ་གར་དང་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་སྒོ་མོ་འབྱེད་པའི་བགྲོད་ལམ་གཏོད་རྒྱུ་བཅས་ཡིན་པ་རེད།
         “ལམ་བཞི་ཤར་གཏོང་ཐུབ་པ་དེས་ནུབ་རྒྱུད་ལ་སྒོ་མོ་འབྱེད་པའི་ཚྭ་འདམ་གཤོངས་སའི་འཐབ་ཇུས་ཀྱི་རྟེན་སའི་གནས་བབ་སྔར་བས་མངོན་གསལ་དོད་དུ་སོང་ནས་མ་གནས་དང་། ལག་རྩལ། ཁྲོམ་ར་བཅས་ཀྱི་ཐོན་ཁུངས་བསྡུ་རུབ་བྱེད་ཐུབ”ཅེས་མཚོ་ནུབ་ཀྲོའུ་ཡི་ཀྲོའུ་ཀྲང་མོང་ཧའེ་ཡིས་བཤད།
         གོར་མོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཡོན་ཐིང་གཡུན་གྱིས་དུས་འགོའི་རྟོག་ཞིབ་བྱས་པའི་གནས་ཚུལ་ནས་བལྟས་ཚེ། ཨེ་ཤེ་ཡ་ལྷོ་མ་དང་། དབུས་མ། ནུབ་མ་བཅས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་དམའ་བ་དང་། འགྱིག་བཟོས་དང་ནུས་རྒྱུ་གསར་པ་སོགས་ཀྱི་ཐོན་ཟོག་དང་ལེགས་ཆའི་ལག་རྩལ“ཕྱིར་འདྲེན་པའི”མདུན་ལམ་ཡག་པོ་ཡོད་པས་ཐོན་ལས་ཕན་ཚུན་གསབ་རེས་དང་མཉམ་འདྲེས་བྱ་གཞི་ཆེན་པོ་ལྡན་ཡོད་ཅེས་གསར་འགོད་པར་བཤད།
         མོང་ཧའེ་ཡིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཚྭ་འདམ་གཤོངས་སའི་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་པའི་ཕྱི་ཕྱོགས་ཁེ་ལས་དང་དེ་བཞིན་ཕྱི་དངུལ་འབབ་བཟོའི་ཁེ་ལས་ལ་གཙོ་གནད་དུ་འདེགས་སྐྱོར་དང་སྐྱེད་སྲིང་བྱས་ཏེ་ལེགས་ལྡན་ཐོན་ལས་ཀྱི་ཐོན་ཟོག་ཕྱིར་གཏོང་རྟེན་གཞི་དང་། ཚོང་དོན་ཟོག་འགྲེམས་བསྡུ་འགྲེམས་རྟེན་གཞི། ནུས་རྒྱུ་གཙང་མ་ཕྱིར་གཏོང་རྟེན་གཞི། ཆ་འཕྲིན་ཞབས་ཞུའི་རྟེན་གཞི། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་མཉམ་འདྲེས་ཀྱི་རྟེན་གཞི་བཅས“རྟེན་གཞི་ལྔ”འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅེས་བཤད།
         བང་རིམ་གསུམ་གྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལམ་སྲོལ་བཟོ་རྒྱུ་འཚོལ་ཞིབ་བྱས་པ།
         “རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཁུལ་དང་མཉམ་འདྲེས་ཟབ་མོ་ཡོང་ཆེད། འདྲ་མཉམ་དང་། གཉིས་ཁེ། གཉིས་ཕན་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་དང་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུ་དོན་ལ་བབས་ས་དང་ཤུགས་རྒྱག་སར་བྱས་ནས་ཚྭ་འདམ་གཤོངས་ས་དེ་བང་རིམ་གསུམ་ལ་བགོས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མཉམ་ལས་ལམ་སྲོལ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད།
         —— ཚྭ་འདམ་གཤོངས་སའི་ཐོན་ཁུངས་དང་ཐོན་ལས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས་ལན་ཀྲོའུ་ནས་ཟི་ལིང་བར་གྱི་དཔལ་འབྱོར་ཁུལ་དང་དེ་བཞིན་ཤིན་ཅང་དང་བོད་སོགས་དང་ཡང་མཉམ་འདྲེས་དང་། མཉམ་འགུལ། གསབ་རེས་བཅས་ཐུབ་ནས་མཚོ་སྔོན་དེ་ཉིད“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་ཀྱི་རྟེན་ས་གལ་ཆེན་ཞིག་ཆགས་པ་བྱ་རྒྱུ་རེད།
         འདི་ལོའི་ཟླ་བཞི་པར་ཚྭ་འདམ་གཤོངས་ས་ཁུལ་གྱིས་ཀན་སུའུ་ཅིའུ་ཆོན་དང་ཤིན་ཅང་གི་པ་དབྱིན་ཀུའོ་ལེང་ལ་ཡུལ་སྐོར་མཉམ་ལས་མནའ་འབྲེལ་བཙུགས་ནས་ལེགས་ཆ་གསབ་རེས་ཀྱིས“ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་བཅས་ཀྱི་སྐོར་ལམ”གྱི་ཡུལ་སྐོར་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ཡོད།
         —— རྒྱལ་ནང་གི“རྒྱུད་གཅིག་ལམ་གཅིག”རྒྱུད་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་དཔལ་འབྱོར་ཁུལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ། ཀྲུའུ་ཅང་ཟུར་གསུམ་དཔལ་འབྱོར་རྒྱུད་སོགས་དང་མཉམ་འགུལ་ལམ་སྲོལ་བཙུགས་ནས་ཐོན་ལས་ཕྱོགས་སྒྱུར་དང་ས་ཁོངས་མཉམ་ལས་སྦྲེལ་མཐུད་ཐད་ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཕན་ཡོང་བ་བྱས་ཡོད།
         —— ཡོན་ཐིང་གཡུན་གྱིས་རིགས་གཅིག་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་རྗེས་གོར་མོས“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཀྱི་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་ལ་རྨང་གཞིའི་སྒྲིག་བཀོད་—མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་འགག་སྒོ་བསྐྲུན་རྒྱུར་གཞོགས་འདེགས་བྱས་ནས་ཐོན་ལས་དང་ཟོག་འགྲེམས་ཐད་ནུབ་བྱང་ཆེན་མོ་དང་ཉེ་འཁོར་ས་ཁུལ་ཕན་ཚུན་འབྲེལ་གཏུག་ཡོང་བར་བྱས་ཡོད།
          —— ཕྱི་ཕྱོགས་ལེགས་ཆའི་ཐོན་ལས་དང་ལག་རྩལ་ཕྱིར་གཏོང་ཐད་འཚོལ་ཞིབ་དང་ངེས་གནས་ཐུབ་པ་བྱས་ནས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་འགག་སྒོ་ཞིབ་བཤེར་གྱི་མཉམ་ལས་ལམ་སྲོལ་དང་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་འཚོལ་ཞིབ་བྱས་ནས་བཙུགས་ནས“ཕྱིར་བསྐྱོད་པ”དང“ནང་དུ་གདན་དྲངས་པའི”མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།