འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོ་རིམ་བཞིན"བྱེས་བགྲོད་གནས་མཆོག"ཏུ་འགྱུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་ཀོང་པོ་རྒྱ་མདའ་རྫོང་གིས་གཙོ་གཉེར་བྱས་པའི“མི་བརྒྱའི་རྐང་ཐང་མའི་བྱ་ཐབས་གསར་མ”ཞེས་པའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་བརྒྱ་ལྷག་ཙམ་གྱིས་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་མཛེས་སྡུག་མྱོང་རོལ་བྱས་པ་རེད། དེ་ཉིན་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་རྐང་འཁོར་བཞོན་ཏེ་བྲག་གསུམ་མཚོ་སྐོར་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་སྐབས་ལྔ་པ་མཇུག་འགྲིལ་ཞིང་། རྒྱལ་ཕྱི་རྒྱལ་ནང་གི་རྐང་འཁོར་བ་བརྒྱ་ལྷག་ཙམ་ས་བབ་མཐོ་སར་སྤེལ་བའི་རྐང་འཁོར་འགྲན་བསྡུར་བྱེད་སྒོར་ཞུགས་པའི་གྲས་སུ་རྒྱལ་ནང་གི་ལས་ཞོར་རྐང་འཁོར་བ་རྩེར་སོན་པའང་ཡོད་པ་རེད།
         ད་ཆ་གངས་ལྗོངས་ས་མཐོ་རིམ་བཞིན་བྱེས་བགྲོད་ལུས་རྩལ་བྱེད་སྒོ་སྤེལ་གནས་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད།
         དེ་སྔོན་བོད་དུ་བྱེས་བགྲོད་ལུས་རྩལ་བྱེད་སྒོར་ཐེངས་མང་ཞུགས་མྱོང་བའི་ཡུས་ལུའེ་ཡིས་ངས་ཤིན་ཏུ་བརྗེད་པར་དཀའ་བ་ནི་བོད་ཀྱི་གངས་རི་དག་རེད་ཅེས་གསར་འགོད་པར་བཤད་བྱུང་། 2006ལོ་ནས་བཟུང་ཡུས་ལུའེ་ཡིས་ས་བབ་སྨི་6206ཡོད་པའི་ཁྱི་རྫི་རི་བོར་འཛེག་འགོ་བཙུགས་རྗེས་སླར་ཡང་ས་བབ་མཐོ་བའི་གངས་རི་མང་པོ་ཡོད་སར་བསྐྱོད་དེ་བྱེས་བགྲོད་རྐང་ཐང་མའི་བྱེད་སྒོར་ཞུགས། ཁོང་གིས“ས་བབ་མཐོ་བའི་ས་ཆར་བྱེས་བགྲོད་བྱེད་སྒོར་ཞུགས་ན་སྣང་བ་ཧ་ཅང་སྐྱིད་པོ་འདུག འདི་ནི་ཅི་འདྲའི་བརྗེད་དཀའ་བའི་མྱོང་བ་ཞིག་རེད་ཨང”ཞེས་བཤད་བྱུང་།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྲོལ་རྒྱུན་གྱི་རི་འཛེག་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག་བྱེས་བགྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་དང་གཏོང་མུས་རེད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཆེ་རིང་གིས“བོད་དུ་ས་བབ་མཐོ་བའི་གངས་རི་ཡོད་ལ། གདོད་མའི་ནགས་ཚལ་དང་། ཆུ་དང་མཚོ། རྩྭ་ཐང་དང་མྱ་ངམ་ཐང་སོགས་ཀྱང་ཡོད་པ་དག་བྱེས་བགྲོད་ལུས་རྩལ་བྱེད་སྒོ་སྤེལ་ཡུལ་གཙོ་བོར་གཏོད་རྒྱུ་ཡིན”ཞེས་བརྗོད་བྱུང་།
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལུས་རྩལ་སྡེ་ཚན་གྱིས་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཅིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། བྱེས་བགྲོད་ལུས་རྩལ་རྣམ་གྲངས་གསར་སྤེལ་བྱེད་པ། བྱེས་བགྲོད་ལུས་རྩལ་ཁྲོམ་ར་འཕེལ་རྒྱས་གཏོང་བ། བྱེས་བགྲོད་ལུས་རྩལ་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་ཧི་མ་ལ་ཡ་རི་འཛེག་རིག་གནས་ལྟེ་གནས་དང་རྒྱལ་ཡོངས་བྱེས་བགྲོད་ལུས་རྩལ་ཁུལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྩིས་འདུག
         ཉི་མ་ཚེ་རིང་གིས་དུས་ཚིགས་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ཏེ་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་སོགས་ས་གནས་སུ་རྣམ་པ་མི་འདྲ་བའི་བྱེས་བགྲོད་ལུས་རྩལ་རྣམ་གྲངས་དང་འགྲན་བསྡུར་རྟེན་གཞི་གཏོད་རྒྱུ་ཡིན་ཞེས་བརྗོད་བྱུང་།
         གྲགས་ཅན་མཛེས་ལྗོངས་ཁུལ་བྲག་གསུམ་མཚོ་དཔེར་དྲངས་ནས་བཤད་ན། རྐང་འཁོར་བཞོན་ཏེ་མཚོ་སྐོར་འགྲན་བསྡུར་ལོ་5བསྟུད་མར་བྱས་པ་ལས་རྐང་འཁོར་ལས་རིགས་སུ་ཤུགས་རྐྱེན་ངེས་ཅན་ཐེབས། དེ་དང་ཆབས་ཅིག་རྐང་ཐང་མ་དང་འཕྱོ་གཡེང་སོགས་ཀྱི་བྱེད་སྒོ་རིམ་བཞིན་སྤེལ་བས་བྱེས་བགྲོད་རྣམ་པ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་གི་ཡོད། ཀོང་པོ་རྒྱ་མདའ་རྫོང་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཐང་ཤུས་ཀྱིས་སླད་ཕྱིན་བྱེ་ཐང་སྦག་སྦག་སོགས་བྱེས་བགྲོད་སྒྲིག་བཀོད་སྣ་ཚོགས་ནང་འདྲེན་བྱས་ཏེ་མཛེས་ལྗོངས་ཁུལ་མིང་དོན་མཚུངས་པའི“བྱེས་བགྲོད་རྟེན་གཞི”ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད།
         བྱེས་བགྲོད་ལུས་རྩལ་རྟེན་གཞི་གཞན་ཞིག་སྟེ་ལྷ་སའི་ཡངས་པ་ཅན་མཐོ་རིའི་སྦྱོང་བརྡར་རྟེན་གཞིར་བྲག་འཛེག་དང་། རི་འཛེག རྐང་འཁོར་སོགས་ལུས་རྩལ་རིགས་ཀྱི་བྱེད་སྒོ་ཚང་མ་སྤེལ་ཆོག་པ་མ་ཟད། ད་དུང་སྐབས་ཤིག་རིང་རླུང་ཤུགས་ཀྱིས་སྤུར་བའི་ཉི་གདུགས་དང་རི་འཛེག་གངས་ཤུད་རྣམ་གྲངས་ཚོད་ལྟ་བྱེད་མྱོང་ཡོད་པས་བྱེས་བགྲོད་ལུས་རྩལ་གྱི་རྣམ་པ་ཆ་ཚང་པོ་ཡོད། འཆར་འགོད་ལ་གཞིགས་ན་ཉིང་ཁྲི“ཉེན་ཆེ་སྤྲོ་ཆེའི་ལུས་རྩལ་གནས་མཆོག”ཏུ་བཏོད་ནས་རྐང་འཁོར་འགྲན་བསྡུར་དང་། འཕྱོ་གཡེང་། ཀོ་གྲུ་སོགས་རྣམ་གྲངས་སྣ་ཚོགས་གསར་གཏོད་བྱ་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་པ་ཧོ་ཀང་གིས་བྱེས་བགྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནི་བོད་ཀྱི་དོན་དངོས་དང་མཐུན་ཡོད། ཡུལ་བབ་དང་བསྟུན་ཏེ་སྤུས་ལེགས་ཀྱི་བྱེས་བགྲོད་ཐོན་ཁུངས་སྤྱད་ན། སྦགས་བཙོག་མེད་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པས། འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི“དམ་འཛིན་བྱ་གཞི”གལ་ཆེན་ཞིག་ཏུ་འགྱུར་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།