འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྨན་དང་སྨན་བཅོས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བྱ་ཐབས་གསར་པ་
    བཏོན་ནས་སྨན་བཅོས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་05ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྨན་དང་སྨན་བཅོས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་བ་དང་འབྲེལ་གྲུབ་འབྲས་ཆེན་པོ་ཐོབ་པའི་རྨང་གཞིའི་ཐོག ཉེ་དུས་མཚོ་སྔོན་གྱིས་རིམ་ཁག་སྨན་བཅོས་སྒྲིག་གཞི་སྨན་དང་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཚད་བརྒལ་སར་བརྩིས་ནས་སྨན་བཅོས་སྤུས་ཚད་ཚོད་འཛིན་དོན་འཁྱོལ་དང་ནད་ཐོག་སྨན་བཅོས་ཐབས་ལམ་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ནས་སྨན་བཅོས་སྒྲིག་གཞི་ཚད་ལྡན་དང་དོ་དམ་ཞིབ་ཚགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་ནད་ལྟ་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སྨན་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་པེ་ཡུས་ཧྭ་ཡིས་ཉིན་ཤས་གོང་མཚོ་སྔོན་གྱིས་《སྨན་བཅོས་སྤུས་ཚད་མཐོར་གཏོང་ཇུས་གཞི་(2017ལོ་ནས་2019ལོར་བར་)》བཟོས་ནས་སྨན་བཅོས་ཞབས་ཞུའི་རིམ་པ་མཐོ་རུ་གཏོང་རྒྱུའི་ཐད་ཕྱོགས་7དང་ཞིབ་ཕྲའི་བླང་བྱ་ཁག་39བཏོན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་གསོ་སྦྱོང་སློབ་གསོ་བརྒྱུད་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་དང་སྐྱེ་ཁང་དང་། ཕྲུ་གུ་དམར་འབྱར་ཁང་། གཤགས་བཅོས་ཁང་། དོས་དྲག་ཁང་། ཁྲག་འཚག་འབྱེད་ཁང་། དུག་སེལ་མཁོ་སྤྲོད་ཁང་སོགས་གཙོ་གནད་སྡེ་ཚན་དང་འགག་རྩའི་ལྷུ་ཚིགས་ཀྱི་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཆེད་ལས་ཀྱི་སྤུས་ཚད་ཚོད་འཛིན་ལྟེ་གནས་ཀྱིས་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་གཅིག་གྱུར་བཟོ་རྒྱུ་རེད། དེ་དང་ཆབས་ཅིག་གཅོང་ནད་གཙོ་བོར་བྱེད་པའི་ནད་ཡམས་རིགས་9ཡི་ནད་པར་སྨན་ཁང་ཕན་ཚུན་སྒྱུར་བའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་2017ལོར་རིམ་གསུམ་སྨན་ཁང་གིས་གཤམ་འོག་གི་སྨན་ཁང་དུ་ནད་པ་སྒྱུར་ཚད་50%ལས་མི་དམའ་བ་བྱ་རྒྱུ་དང་ནད་ལྟ་སྨན་བཅོས་ལྟེ་གནས་ཁག་གིས་གོང་རིམ་སྨན་ཁང་ནས་ཡོང་བའི་ནད་པར་མཛུབ་སྟོན་བྱེད་ཚད་100%ཟིན་པ་བྱ་རྒྱུ་རེད།
         རིམ་གསུམ་སྨན་ཁང་ལ་རང་འཇགས་ནད་གཞི་ལྕི་པོ་དང་བཅོས་དཀའ་བའི་ནད་སྨན་བཅོས་བྱེད་པའི་ནུས་པ་ལྡན་ཆེད། 2017ལོར་ཟི་ལིང་ས་ཁུལ་གྱི་རིམ་གསུམ་གཞུང་འཛུགས་སྨན་ཁང་གི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་དུ་ནད་ལྟ་མཁན་ལོ་གོང་མ་དང་བསྡུར་ན་25%ཉུང་དུ་ཕྱིན་ཡོད། ཟླ་7ཚེས་1ཉིན་ནས་བཟུང་རིམ་གསུམ་སྨན་ཁང་ཚང་མས་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་བྱ་རྒྱུ་མེད་པ་བཟོ་རྒྱུ་དང་འབྲེལ་སྒོ་བསྟེན་སྨན་ཁང་གི་ནད་པའི་སྡོད་རྩར་ཐང་ཆུ་བླུག་མཚམས་འཇོག་རྒྱུ་དང་ནད་པའི་གཞི་རྩ་དང་སྤྱིར་བཏང་གི་སྨན་གཞི་རིམ་སྨན་བཅོས་སྒྲིག་གཞིས་སྤྲོད་རྒྱུ་རེད། དེ་དང་དུས་མཚུངས་ཞིང་ཆེན་ནང་གི་རིམ་གཉིས་ཡན་གྱི་སྨན་ཁང་དུ་ནད་ཐོག་སྨན་བཅོས་དོ་དམ་ལས་དོན་སྤེལ་རྒྱུའི་ནང་རིམ་གསུམ་སྨན་ཁང་དུ་ནད་ཐོག་སྨན་བཅོས་དོ་དམ་ལག་བསྟར་བྱས་ཏེ་ནད་པའི་གྲངས་འབོར་50%ཟིན་པ་བྱ་རྒྱུ་དང་རིམ་གཉིས་སྨན་ཁང་དུ་ནད་པ་70%ཟིན་པ་བྱ་རྒྱུ་རེད།
         པེ་ཡུས་ཧྭ་ཡིས་རིམ་ཁག་སྨན་བཅོས་སྒྲིག་གཞི་ཁག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཞིབ་ཕྲའི་བླང་བྱ་བཏོན་པ་དེ་ཐོག་ནས་མཚོ་སྔོན་གྱིས་སྨན་དང་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཚད་གཞི་མཐོ་རུ་གཏོང་བ་ནས་གྲུབ་ཆ་ལེགས་སྒྲིག་ཕྱོགས་སུ་བསྒྱུར་བ་མཚོན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།