འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རིག་དང་མཐུན་པའི་ངང་ཞིང་ཁ་བཏབ་ཚེ་ཇི་ཙམ་བཏབ་པ་དེ་ཙམ་གྱིས་སྤྲོ་སྣང་ལྡན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། ཚན་རིག་དང་མཐུན་པའི་ངང་ཞིང་ཁ་བཏབ་ཚེ་ཇི་ཙམ་བཏབ་པ་དེ་ཙམ་གྱིས་སྤྲོ་སྣང་ལྡན། དཔྱིད་ཀ་ཤར་བ་ནས་བཟུང་ཞིང་ལས་ཚན་རྩལ་གྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། རྒྱལ་ཁབ་འབྲུ་རིགས་ཐོན་ལས་ལག་རྩལ་མ་ལག་གི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཧོ་པེ་ཞིང་ཆེན་ཝུའུ་ཨན་གྲོང་ཁྱེར་ལུའེ་ཧེ་འབྲུ་རིགས་ཆེད་ལས་མཉམ་ལས་ཁང་གིས་འདི་ལོ་རི་མ་འདབས་སུ་སྤྱོད་རྒྱུར་འཚམ་པའི་ཞིང་འཕྲུལ་ཆེ་གྲས་ཤིག་ཉོས་པ་རེད། འདེབས་འཛུགས་དུད་ཆེན་ལིའུ་རུན་སུང་གིས་དགའ་ཚོར་ཆེན་པོའི་ངང“འཕྲུལ་འཁོར་གྱིས་ཉིན་གཅིག་ལ་ཞིང་ཁ་མུའུ་100འདེབས་ཐུབ་པས་ངའི་ས་ཞིང་མུའུ་500མགྱོགས་མྱུར་བཏབ་ཟིན། ཞིང་ཁ་འདེབས་པ་ནས་ལོ་ཏོག་བསྡུ་བའི་བར་ཚང་མ་འཕྲུལ་འཁོར་ལ་བརྟེན་པ་མ་ཟད། མྱུ་གུ་མཐུག་སེལ་བྱེད་མི་དགོས་ལ་རྩྭ་ངན་ཡང་བཀོག་མི་དགོས། ང་ཚོས་འགྱིག་ཐུམ་ལག་རྩལ་སྤྱད་རྗེས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་350ལྷག་ཙམ་ཟིན་ནས་རྒྱུན་གཏན་གྱི་མུའུ་རེའི་ཐོན་འབབ་ལས་སྤྱི་རྒྱ་100ལྷག་ཙམ་མང་དུ་ཕྱིན་འདུག ཞིང་འགེབས་འགྱིག་ཤོག་མུའུ་རེར་སྒོར་100ལྷག་ཙམ་གྱི་མ་གནས་ཕུད་ཚེ། མུའུ་རེ་ནས་ཡོང་འབབ་སྒོར་700ཙམ་རག་གི་འདུག”ཅེས་བཤད་བྱུང་།
         ཞིང་ལས་ཚན་རྩལ་གྱིས་ཞིང་པའི་དཔྱིད་འདེབས་ལས་དོན་ཧ་ཅང་སྟབས་བདེ་རུ་སོང་ཡོད། ཞིང་པ་ཚོ་ས་བོན་ཉོ་སྐབས་དེ་སྔ་ལྟར་གང་སར་འགྲོ་མི་དགོས་པར་མཉམ་ལས་ཁང་གིས་སོན་གསར་གཅིག་གྱུར་ཐོག་ཉོ་བ་དང་གཅིག་གྱུར་འདེབས་འཛུགས་བྱེད་ཀྱི་ཡོད། ཝུའུ་ཨན་གྲོང་ཁྱེར་དབྱི་ཁྲེང་གྲོང་རྡལ་པའེ་ཕུའུ་གྲོང་ཚོའི་ཞིང་པ་ཀྲུའུ་ཁྲང་ཅུས་ཀྱིས་དགའ་ཚོར་ཆེན་པོའི་ངང“ང་ཚོས་ན་ནིང་འབྲུ་རིགས་མུའུ་12བཏབ་པ་ཡིན། མུའུ་རེ་ནས་འབྲུ་རིགས་སྤྱི་རྒྱ་300ལྷག་ཙམ་ཐོན་སོང་། དེ་སྔ་དང་བསྡུར་ན་མུའུ་རེ་ནས་སྤྱི་རྒྱ་100ལྷག་ཙམ་མང་དུ་ཕྱིན་འདུག ད་ཆ་འབྲུ་རིགས་ཐད་ཀྱི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་དང་། མཉམ་ལས་ཁང་གི་སྒྲིག་འཛུགས། སོན་གསར་དང་ལག་རྩལ་གསར་པའི་རྒྱབ་སྐྱོར་བཅས་ཡོད་པས་ང་ཚོ་ཞིང་པ་རྨོ་འདེབས་ཐད་ལ་སེམས་ཁྲལ་གཏན་ནས་མི་འདུག”ཅེས་བཤད་བྱུང་།
         རྒྱལ་ཁབ་མ་རྨོས་ལོ་ཏོག་ཐོན་ལས་ལག་རྩལ་ཁོངས་གཏོགས་ཝུའུ་ལུའུ་མུའུ་ཆི་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱིས་རིགས་གཅིག་མཁས་ཅན་50ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཤིན་ཅང་ཧྲུའུ་ལེ་རྫོང་དང་པ་ཁྲུའུ་རྫོང་དུ་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་སྤེལ་ནས་ས་གནས་དེ་གའི་ཞིང་པ་དང་འདེབས་འཛུགས་ལས་རིགས་ཀྱི་དུད་ཆེན་ལ་དཔྱིད་འདེབས་བར་སྨིན་མ་རྨོས་ལོ་ཏོག་གི་རྒྱུད་གསར་ཤིན་ཅང་མ་རྨོས་ལོ་ཏོག་ཨང་47དང་བསྐྱར་འདེབས་སྔ་སྨིན་མ་རྨོས་ལོ་ཏོག་གི་རྒྱུད་གསར་ཤིན་ཅང་མ་རྨོས་ལོ་ཏོག་ཨང་29སོགས་འོས་སྦྱོར་བྱས་པ་དང་། ཞིང་པར་མ་རྨོས་ལོ་ཏོག་གི་ཐོན་འབབ་འཕར་བའི་འདེབས་འཛུགས་ལག་རྩལ་དང་མ་རྨོས་ལོ་ཏོག་ལ་ནད་འབུའི་གནོད་འཚེ་འགོག་པའི་ལག་རྩལ་འགྲེལ་བཤད་བརྒྱབ་པ། ཞིང་པར་མུའུ་ཁྲི་1.1ལ་སྤྱོད་ཐུབ་པའི་ཐོན་འབབ་མཐོ་བའི་དཔེ་སྟོན་གནད་སྨིན་དབུལ་སྐྱོར་གྱི་སོན་དང་། ཞིང་སྨན། རྫས་ལུད། ཐིགས་ཆུ་གཏོར་ཆས་སོགས་ཞིང་ལས་ཐོན་སྐྱེད་སྒྲིག་ཆས་ཉོས་པ། ཞིང་པ་མི་ཐེངས་300ལྷག་ཙམ་ལ་གསོ་སྦྱོང་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།