འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པས་སུའེ་ཙེར་རྒྱལ་
    ཁབ་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་ནས་ཚེས་31ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་ཀྱིས་སྣེ་ཁྲིད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་སུའེ་ཙེར་རྒྱལ་ཁབ་ལ་འཚམས་འདྲི་བྱས་ཤིང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་དབྱི་ཧུའེ་གྲོས་ཚོགས་དང་། སྲིད་གཞུང་གི་དཔོན་པོ། དེ་བཞིན་སུའེ་ཙེར་རྒྱལ་ཁབ་ཏུ་གནས་སྡོད་པའི་བོད་རིགས་སྤུན་ཟླ་བཅས་དང་ཁྱབ་རྒྱ་ཆེ་བའི་སྤེལ་རེས་བྱས་པ་རེད།
         སུའེ་ཙེར་རྒྱལ་ཁབ་ཀྱི་པེར་ནེ་གྲོང་ཁྱེར་དུ་འཚམས་འདྲི་བྱེད་པའི་རིང་ལ། འཐུས་མི་ཚོགས་པས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དམངས་ཁང་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཧྲི་ཐཱར་དང་རྒྱལ་དམངས་ཁང་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་དང་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མ་ཁེ་ཝར་ཏེ་དང་མཇལ་འཛོམས་བྱས་པ་མ་ཟད། ད་དུང་སུའེ་ཙེར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་རྒྱལ་དོན་དྲུང་ཡིག་གཞོན་པ་མ་ཐིང་དང་མཇལ་འཛོམས་ཀྱང་བྱས་པ་རེད།
         ཧྲི་ཐཱར་དང་མཇལ་འཛོམས་བྱེད་དུས། པད་མ་འཕྲིན་ལས་ཀྱིས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཧྲི་ཐཱར་ཚོགས་གཙོར་འཚམས་འདྲི་གནང་བ་བརྒྱུད་བཤད་བྱས་པ་དང་། ཐེངས་འདིའི་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དབྱི་ཧུའེ་གྲོས་ཚོགས་བར་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སུའེ་ཙེར་རྒྱལ་ཁབ་ཀྱི་ལས་རིགས་ཁག་ལ་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། ཧྲི་ཐཱར་གྱིས་སུའེ་ཀྲུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་བའི་གནས་ཚུལ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། སུའེ་ཙེར་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་ལས་མེད་པའི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་པ་དང་། ཐེངས་འདིའི་འཚམས་འདྲི་ཡིས་སུའེ་ཙེར་རྒྱལ་ཁབ་ཀྱི་ལས་རིགས་ཁག་གིས་བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་དངོས་རྒྱུས་ལོན་ཇེ་ཟབ་ཡོང་བར་བྱེད་ངེས་རེད་ཅེས་བསྟན་པ་རེད། 
         མ་ཁེ་ཝར་ཏེ་དང་མཇལ་འཛོམས་བྱེད་དུས། པད་མ་འཕྲིན་ལས་ཀྱིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་དབྱི་ཧུའེ་གྲོས་ཚོགས་དང་སྤེལ་རེས་ཁྱབ་རྒྱ་ཆེན་པོ་བྱེད་པར་ཧ་ཅང་དགའ་པོ་བྱུང་བ་དང་། སུའེ་ཙེར་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་སྔར་ལས་མང་བ་བོད་རང་སྐྱོང་ལྗོངས་སུ་འཚམས་འདྲི་དང་། ས་ཆ་དངོས་སུ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་གནང་བར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད། མ་ཁེ་ཝར་ཏེ་ཡིས་ཀྲུང་གོར་ཡང་བསྐྱར་འཚམས་འདྲི་བྱ་རྒྱུ་མ་ཟད། བོད་རང་སྐྱོང་ལྗོངས་དངོས་སུ་འཚམས་འདྲི་བྱེད་པར་འགྲོ་རྒྱུའི་གོ་སྐབས་ཡོད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད། 
         མ་ཐིང་དང་མཇལ་འཛོམས་བྱེད་དུས། པད་མ་འཕྲིན་ལས་ཀྱིས་རང་ཉིད་ཀྱི་ལས་སྒྲུབ་ལོ་རྒྱུས་དང་ཟུང་འབྲེལ་བྱས་ནས་འདྲི་རྩད་གནང་བ་ལྟར་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་། ཀྲུང་དབྱང་གིས་བོད་ལྗོངས་སོགས་གྲངས་ཉུང་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་གནང་བའི་སྲིད་ཇུས། ཉེ་བའི་ལོ་འགའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ངོ་སྤྲོད་བྱས་པ་རེད། མ་ཐིང་གིས་ཀྲུང་གོའི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ལས་ཀ་འབོར་ཆེན་བྱས་ཡོད་པ་དང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད་པ་རེད། ད་ལོ་ནི་ཀྲུང་སེའུ་ཡི་ཡུལ་སྐོར་ལོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་བ་སྔར་ལས་མང་བ་ཕན་ཚུན་འགྲོ་འོང་དང་ལྟ་སྐོར་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་པ་རེད། 
         སུའེ་ཙེར་རྒྱལ་ཁབ་ཀྱི་སུའུ་ལི་ཧྲི་གྲོང་ཁྱེར་དུ་འཚམས་འདྲི་བྱེད་དུས་འཐུས་མི་ཚོགས་པས་སུའུ་ལི་ཧྲི་དང་ལིའེ་ཀྲི་ཏུན་ཧྲི་ཏེང་ཀུང་གོ་རུ་གནས་སྡོད་བོད་རིགས་སྤུན་ཟླ་རྣམས་དང་བཞུགས་མོལ་བྱས་ཏེ། ཉེ་བའི་ལོ་འགའི་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་གནས་ཚུལ་དང་། ཁྱད་པར་དུ་མིག་སྔར་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་འཕེལ་ཚུལ་བཅས་ངོ་སྤྲོད་བྱས་པ་རེད། བོད་རིགས་སྤུན་ཟླ་ཚོས་བློ་ཁ་ཕྱེ་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་ཕ་ཡུལ་ལ་སེམས་འཕྲེང་བ། འབྲེལ་ཡོད་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་བསམ་ཚུལ་བསྟན་པ་རེད། མཐའ་མཇུག་ཏུ་པད་མ་འཕྲིན་ལས་ཀྱིས་བོད་རིགས་སྤུན་ཟླ་རྣམས་ཀྱིས་སེམས་ནང་མེས་རྒྱལ་འཆང་ཞིང་སེམས་པ་མེས་རྒྱལ་ལ་གཏད་པ་དང་། མེས་རྒྱལ་གཅིག་གྱུར་ཡོང་བ་དང་མི་རིགས་མཐུན་སྒྲིལ་ཡོང་བར་ཕན་པའི་ལས་དོན་མང་ཙམ་སྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། དུས་རྟག་ཏུ་ཕ་ཡུལ་དུ་གཉེན་ཐུག་ལྟ་སྐོར་གནང་བར་ཡོང་བའི་རེ་བའང་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།