འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བཞི་པ་ནས་བཟུང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་
    ཀྱི་རིན་གོང་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཇོ་མོ་གླང་མ་གནས་ཡུལ་བོད་ལྗོངས་དིང་རི་རྫོང་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་1ཉིན་ནས་བཟུང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་མི་རེར་སྒོར་180ཡི་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
            ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དིང་རི་རྫོང་གྲོང་ནས་སྒར་ས་ཆེན་པོ་བར་སྣུམ་ནག་གཞུང་ལམ་བཏིང་ཡོད་ལ་སྒར་ས་ཆེན་པོར་གློག་ཀྱང་ཤར་གཏོང་ཐུབ་ཡོད། ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བསྐྲུན་ཟིན་པས་ཡུལ་སྐོར་བ་ཚོར་རོགས་སྐྱོབ་དང་ཞག་སྡོད་བྱེད་ས་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།
            ཇོ་མོ་གླང་མར་འཛེག་པའི་དུས་ཚིགས་ཡག་ཤོས་ནི་ལོ་རེའི་ཟླ་4པ་ནས་ཟླ་5བར་ཡིན། ཉེ་བའི་ལོ་ཤས་རིང་། ལོ་ལྟར་རྒྱལ་ཕྱི་རྒྱལ་ནང་ནས་ཡོང་བའི་རི་འཛེག་པ་བརྒྱ་ཕྲག་གིས་ཇོ་རིའི་རྩེར་འཛེག་རྩིས་བྱེད་ཀྱི་ཡོད། ཇོ་མོ་གླང་མའི་སྒར་ས་ཆེན་པོར་ས་བབ་མཐོ་ཚད་སྨི་5200ཡོད་པ་དང་། མཛེས་ལྗོངས་ཉམ་ང་ལ་བརྗིད་ཉམས་ལྡན་པས་ཡུལ་སྐོར་བ་མང་པོ་ལྟ་སྐོར་ལ་ཡོང་རྒྱུའི་ཡིད་དབང་བཀུག་གི་ཡོད། སྒར་ས་ཆེན་པོ་ནས་ཐག་མི་རིང་བའི་སར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་དགོན་སྡེ་རོང་ཕུ་དགོན་ཆགས་ཡོད་པས་ཡུལ་སྐོར་བ་མང་པོ་སྤྲོ་གསེང་དུ་ཡོང་གི་ཡོད་པ་རེད།
           ཡུལ་སྐོར་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། ཇོ་མོ་གླང་མའི་སྒར་ས་ཆེན་པོར་ཡུལ་སྐོར་དུ་ག་དུས་ཡོང་ཡང་ཆོག དགུན་ཁ་དང་དཔྱིད་ཀའི་ནམ་དུས་སུ་ཡོང་ན་ཇོ་མོ་གླང་མའི་མཛེས་ལྗོངས་ཡོངས་མཇལ་ཐུབ། མཛེས་ལྗོངས་ཁུལ་གྱི་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་ཡུལ་སྐོར་བས་གྲང་འགོག་བྱེད་རྒྱུར་ཡིད་གཟབ་བྱེད་དགོས། གཞན་ཡང་། ལྷག་པར་དུ་དྲན་སྐུལ་བྱེད་དགོས་པ་ནི་ཇོ་མོ་གླང་མའི་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཉམ་ཞན་ཡིན་པས་ཡུལ་སྐོར་བས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱས་ཏེ“ཇོ་རི་ལྷ་མོའི”དྭངས་གཙང་ཞལ་གྱི་དཀྱིལ་འཁོར་ལ་སྲུང་སྐྱོབ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།