འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་སློབ་གསོའི་ཡིད་རྟོན་མངགས་བཅོལ་ཐེབས་རྩའི་
    རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སློབ་གསོའི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་ཐང་ཆན་གྱིས་རྩ་འཛུགས་དེས་སློབ་གསོའི་ལས་རོགས་ཁྱབ་ཁོངས་ནང་ལག་ལེན་བསྟར་བའི་ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་ཡིད་རྟོན་མངགས་བཅོལ་ཐེབས་རྩའི་རྣམ་གྲངས་ཐོག་མ་2012ལོར་ལག་ལེན་བསྟར་འགོ་ཚུགས་ཚུན། དུས་མཚམས་དང་པོར་ཕན་འབྲས་མངོན་གསལ་དོད་པ་དང་ཀྲུང་གོ་སྲིད་གཞུང་གིས་མཁོ་འདོན་བྱས་པའི་ཚད་གཞི་ཕུད་པའི་མ་དངུལ་ཨ་སྒོར་ཁྲི་400(མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་2757ཙམ་ཟིན་པ)དེས་རྣམ་གྲངས་ལོ་གཉིས་སྣུར་སྲིང་ཐུབ་རྒྱུ་མ་ཟད། དུས་མཚམས་གཉིས་པའི་ཁྲོད་ཕན་པ་ཐོབ་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་10བར་འཕར་རྒྱུ་རེད་ཅེས་བཤད་པ་རེད།
            ཚེས་29ཉིན། ཀྲུང་གོ—མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སློབ་གསོ་ཡིད་རྟོན་མངགས་བཅོལ་ཐེབས་རྩས“ལག་རྩལ་དེ་ཨ་ཧྥེ་རི་ཁའི་སྤུས་ལེགས་དགེ་རྒན་གྱི་སློབ་གསོ་དང་གསོ་སྦྱོང་ཁྲོད་སྤྱོད་པའི”རྣམ་གྲངས་ཀྱི་དུས་མཚམས་དང་པོའི་ཕྱོགས་སྡོམ་དང་དུས་མཚམས་གཉིས་པའི་འགོ་འཛུགས་ཚོགས་འདུ་ཕ་རི་སིར་འཚོགས་པ་རེད། ཚོགས་འདུའི་དུས་ཡུན་ཉིན་3ཡིན་པ་དང་གཙོ་བོ་དུས་མཚམས་དང་པོའི་རྣམ་གྲངས་རྒྱལ་ཁབ་ཁོང་ཀོ་དང་། ཁོ་ཐེ་ཏི་ཝོར། ཁོང་ཀོ(ཅིན)། ཨེ་ཙེ་ཨོ་ཕི་ཡ། ལི་པེ་རི་ཡ། ན་སྨི་པི་ཡ། ཐན་ཙན་ནི་ཡ། ཝུ་ཀན་ཏ་སོགས་བརྒྱད་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
          2012ལོར། ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཨ་སྒོར་ཁྲི་800(མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་5515ཟིན་པ)ཟིན་པའི་ཡིད་རྟོན་མངགས་བཅོལ་ཐེབས་རྩའི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་8ཀྱི་སློབ་གསོ་འཕེལ་རྒྱས་དང་ལྷག་པར་དུ་སྤུས་ལེགས་དགེ་རྒན་གྱི་སློབ་གསོ་དང་གསོ་སྦྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། རྣམ་གྲངས་དེ་དུས་ཡུན་ལོ་4ཡིན་པ་དང་གཙོ་བོ་ནུས་པ་འཛུགས་སྐྱོང་གི་གསོ་སྦྱོང་འཛིན་གྲྭ་དང་། སྒྲིག་ཆས་ཉོ་སྒྲུབ། སློབ་གཞི་གསར་སྤེལ། གསོ་སྦྱོང་དང་བགྲོ་གླེང་ཚོགས་འདུ་ཚོགས་པ། སློབ་སྦྱོང་རྟོག་ཞིབ། ས་གནས་ཚོགས་འདུ་དང་ཤེས་བྱ་མཉམ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད། རྣམ་གྲངས་ཀྱི་དམིགས་ཚད་ལོན་ཐུབ་པ་བྱ་རྒྱུ་རེད།
           ཐང་ཆན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རྣམ་གྲངས་འདི་ནི་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་རྩ་འཛུགས་བརྒྱུད་རྒྱལ་སྤྱིའི་སློབ་གསོར་རོགས་སྐྱོར་བྱེད་ཐེངས་ཐོག་མ་ཞིག་ཡིན་པ་དང་རོགས་སྐྱོར་བྱེད་སྟངས་ཕྱོགས་གཉིས་ནས་ཕྱོགས་མང་དུ་གྱུར་ཡོད། “རྣམ་གྲངས་དེ་ཨ་ཧྥེ་རི་ཁའི་དགོས་མཁོ་དང་མཐུན་པ་དང་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་ཉུང་མཐར་ཡང་དགེ་རྒན་ཁྲི་1ལ་ཐད་ཀར་ཕན་པ་ཐོབ་ཡོད”2017ལོ—2018ལོའི་རྣམ་གྲངས་ཀྱི་དུས་མཚམས་གཉིས་པར་ཐོ་ཀོ་དང་ཙན་པི་ཡ་གཉིས་པོ་རྣམ་གྲངས་རྒྱལ་ཁབ་གསར་པའི་ཆ་ནས་དེའི་ནང་ཞུགས་རྒྱུ་རེད་ཅེས་བཤད་པ་རེད།
           ཐང་ཆན་གྱིས་རྣམ་གྲངས་འདི་ནི་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་ཞིང་། ལག་རྩལ་བྱ་ཐབས་བརྒྱུད་གསོ་སྦྱོང་སྒྲིག་གཞིའི་དྲ་རྒྱ་བཟོས་ནས་རྣམ་གྲངས་རྒྱལ་ཁབ་ཀྱི་དགེ་རྒན་གསོ་སྦྱོང་ནུས་པ་ཆེ་རུ་འགྲོ་བ་དང་ཆབས་ཅིག ཀྲུང་གོས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་དཔེ་དབྱིབས་གསར་པ་ལག་ལེན་བསྟར་འགོ་ཚུགས་ཏེ་ཕྱི་ཕྱོགས་རོགས་སྐྱོར་ཁྲོད་ཀྲུང་གོ་འདི་ཉིད་རྒྱལ་སྤྱི་དང་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད།
           རྣམ་གྲངས་མཐུན་སྦྱོར་ལས་དོན་གྱི་འགན་འཁུར་བའི་ཁོང་ཀོའི་དཔོན་རིགས་རང—ཀེ་མ·མ་ཉི་ཝུང་ཅིས་ཚོགས་འདུ་ཚོགས་ཡུལ་དུ་རྣམ་གྲངས་ཀྱིས་ཡུལ་དེའི་དགེ་རྒན་སྟོབས་ཤུགས་ཀྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། “རྣམ་གྲངས་དེའི་རོགས་སྐྱོར་འོག་མིག་སྔར་ང་ཚོར་གསོ་སྦྱོང་སྒྲིག་གཞི་4ཡོད་པ་དང་འབྱུང་འགྱུར་ཁོང་ཀོའི་དགེ་རྒན་2000ལྷག་ཙམ་ལ་དྲ་རྒྱའི་རྒྱང་ཁྲིད་གསོ་སྦྱོང་ཐུབ་རྒྱུ་ཡིན་པས་རྣམ་གྲངས་དུས་ཡུན་རིང་དུ་ཕྱིན་པར་དགའ་ཚོར་སྐྱེ་གི་འདུག”ཅེས་གསར་འགོད་པར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།