འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་སྐྱིད་ལྡན་པའི་འཚོ་བ་ཁམ་བུའི་མེ་ཏོག་བཞིན་དུ་མཚར།

    —— བོད་རིགས་བགྲེས་སོང་གཉིས་ཀྱི་འཚོ་བ་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཟླ་གསུམ་པའི་ཟླ་མཇུག་ཏུ“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པའི་ཉིང་ཁྲིར་ཁམ་བུའི་མེ་ཏོག་བཞད་ཅིང་ལྗོན་ཤིང་སྔོ་ཐིང་ཐིང་དུ་གྱུར་ཡང་ཞོགས་པར་སྔར་བཞིན་གྲང་ངར་ཆེན་པོ་ཡོད། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་བགྲེས་སོང་རྡོ་རྗེ་དང་དཔལ་ལྡན་གཉིས་ཞོགས་པ་སྔ་པོ་ནས་ལྟེ་བའི་ཐང་ཆེན་དུ་བསྐྱོད།
             དེ་གར“ཀྲུང་གོའི་ཁམ་བུའི་མེ་ཏོག་གི་རོང་ཆེ་ཤོས”སྒོ་ཕྱེ་བའི་འཁྲབ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། དེ་ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡང་ཡིན།
          ལོ་76ལ་སླེབས་པའི་བགྲེས་སོང་གཉིས་པོ་གྲུང་ཤ་དོད་པ་དང་། རྡོ་རྗེས་འཁྲབ་སྟོན་ལྟ་སྐབས་དགའ་ཚོར་ཆེན་པོས་རྐང་འཁྲབ་ལག་འཁྲབ་ཀྱང་བྱེད་ཀྱི་ཡོད།
           ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་པོ་ཡོད་དམ་ཞེས་འདྲི་སྐབས། རྡོ་རྗེས“ང་ལོ་བཅོ་བརྒྱད་ལ་ལས་ཀར་ཞུགས་པ་ནས་བཟུང་ཞབས་བྲོ་འཁྲབ་ཀྱི་ཡོད། དེ་གོང་ང་ཚོ་ནི་ཞིང་བྲན་ཡིན་པས་མཉམ་དུ་རུབ་རུབ་བྱས་ནས་སྡོད་སའང་མེད”དེ་རིང་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞེས་སེམས་འགུལ་ཐེབས་པའི་ངང་བཤད།
           རྡོ་རྗེ་དང་དཔལ་ལྡན་གཉིས་ཁྱིམ་ཚང་དབུལ་པོར་སྐྱེས་པ་དང་དུས་འདས་ཀྱང་དཀའ་སྡུག་ཆེ་བའི་འཚོ་བ་བརྗེད་མེད།
           ཆུང་དུས་ཀྱི་སྐོར་ཤོད་སྐབས་རྡོ་རྗེས“རྟ་ཟོག་སེམས་ཅན་ལྟར་ཡིན”ཞེས་བཤད། ཁོང་ལོ་ལྔ་ལ་སླེབས་སྐབས་ཕ་གྲོངས་པས་ཨ་མ་གཅིག་པུས་མངའ་བདག་ལ་ཁྲལ་རྒྱུག་ནས་ཕྲུ་གུ་དྲུག་གསོས་པ་དང་། ནང་མི་སྡོད་སའི་ཁང་པ་རྒྱག་མི་ཐུབ་པས་སྤང་ལྗོངས་སྟེང་གུར་ཕུབ་ནས་སྡོད་དགོས་ཀྱི་ཡོད། སྐབས་དེ་དུས་ཀྱི་རྡོ་རྗེར་ཉིན་རེར་ལྟོ་ཆས་ཐེངས་གཅིག་ལས་ཟ་རྒྱུ་མེད་པ་དང་ཨ་མས་ཟས་ཞིམ་པོ་ཞིག་འཁྱེར་ཡོང་བའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཟ་རྒྱུ་ཇ་ལྡུར་ལས་མེད། སྐབས་རེ་ཇ་ལྡུར་གྱིས་མི་རྒྱགས་སྟབས་རི་སྐྱེས་ཤིང་ཏོག་འཚོལ་བར་འགྲོ་དགོས་ཀྱི་ཡོད།
           རྡོ་རྗེས“ཨ་མ་ལགས་ང་ལྟོགས་ནས་ལུས་པོའི་ཤའང་རིད་པར་གྱུར་འདུག”ཅེས་ཤོད་སྐབས་ཨ་མས“ཤ་རིད་ཀྱང་ཨ་མར་ཐབས་ཤེས་མི་འདུག”ཅེས་པའི་མ་བུའི་དབར་གྱི་གཏམ་གླེང་དེ་དྲན་གསོ་བྱེད་བཞིན་གད་མོ་ཤོར།
             དེ་དང་འདྲ་བར་དཔལ་ལྡན་གྱི་ཨ་མར་ཡང་ཕྲུ་གུར་ལྟོ་གྲོད་པ་རྒྱགས་པ་ཞིག་སྟེར་རྒྱུ་མེད། དཔལ་ལྡན་གྱི་གཅེན་པོ་དང་གཅེན་མོ་ལྔ་པོ་རྣམས་མུག་བྱོལ་དུ་སོང་བ་དང་། ཨ་མས་བུ་ཆུང་ཤོས་དཔལ་ལྡན་རང་ཉིད་གམ་དུ་ཉར་ཡོད། ཡིན་ནའང་ལྟོ་གྲོད་པ་རྒྱགས་པ་སྟེར་རྒྱུ་མེད་པས། དགོན་སྡེར་གྲྭ་པ་བྱེད་པར་མི་གཏོང་དཀའ་མེད་བྱུང་ཡོད།
           “སྐབས་དེ་དུས་དགོན་སྡེ་ད་ལྟ་ལྟར་ལྟ་སྣང་དོད་པོ་དེ་འདྲ་མེད་ལ། དགེ་འདུན་པའི་འཚོ་བ་ཡང་ད་ཆ་དང་འདྲ་བར་ཟ་རྒྱུ་དང་སྡོད་གནས་སྐྱིད་པོ་དེ་ལྟ་བུ་མེད་ཅིང་། གཞན་གྱིས་སྟེར་བའི་ཇ་དང་རྩམ་པ་ལས་གཞན་ཟ་རྒྱུ་གང་ཡང་མེད”
           ལོ་16ལ་སླེབས་པའི་སྐབས་དེར་བཟོད་སྒོམ་གཏན་ནས་མ་ཐུབ་པའི་དཔལ་ལྡན་དགོན་སྡེ་ནས་བྲོས་བྱོལ་དུ་སོང་། སྟབས་ལེགས་པ་ཞིག་ལ་ཁོང་ལ་ནང་སའི་སློབ་མ་བསྡུ་མཁན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ལས་བྱེད་པ་གཉིས་དང་འཕྲད། སྐབས་དེ་དུས་དཀྲོག་གཏམ་མང་པོ་ཤོད་ཀྱི་ཡོད་ནའང་། དཔལ་ལྡན་གྱིས་ཐེ་ཚོམ་སྤུ་ཙམ་མེད་པར་བློ་ཐག་ཆོད་པོས་མིང་ཐོ་བཀོད།
            དཔལ་ལྡན་གྱིས་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གླིང་དུ་ལོ་གསུམ་སློབ་སྦྱོང་བྱས་རྗེས། 1959ལོར་བོད་དུ་ལོག ཉིང་ཁྲི་ནས་རྐང་ཐང་མར་ཉིན་ལྔ་བསྐྱོད་རྗེས་སྤོ་བོ་རྫོང་དུ་འབྱོར་ཞིང་དེ་ནས་བཟུང་སྤོ་བོ་རྫོང་འཛུགས་སྐྲུན་བྱེད་མཁན་དཔུང་ཁག་ནང་ཞུགས།
            དེ་དང་ཆབས་ཅིག་རྡོ་རྗེར་ཡང་རང་ཉིད་ཀྱི་མི་ཚེའི་ཁ་ལོ་སྒྱུར་བའི་གོ་སྐབས་བྱུང་ཡོད། 1959ལོའི་ཟླ་3ཚེས་20ཉིན་ལས་དོན་རུ་ཁག་རྡོ་རྗེ་གནས་ཡུལ་གྱི་གྲོང་ཚོར་འབྱོར། རྡོ་རྗེས“ལས་དོན་རུ་ཁག་གིས་ངའི་ཨ་མ་མཐོང་རྗེས་སྙིང་རྗེ་ཚད་མེད་སྐྱེས་ཏེ་ཁོང་ཚོས་འཁྱེར་བའི་འབྲས་ཕྲན་བུ་དེའང་ང་ཚོར་སྤྲད་བྱུང་། ང་ཚོས་སྔོན་མ་འབྲས་མཐོང་མྱོང་མེད། འབྲས་ཐུག་བསྐོལ་ནས་འཐུང་རྒྱུ་བྱུང་བས་སེམས་སྐྱིད་པོ་བྱུང་བ་ནི་སྨོས་མེད་རེད”ཅེས་བཤད།
             གུང་ཁྲན་ཏང་ལ་བརྩེ་དུང་ཟབ་མོ་ཡོད་པའི་རྡོ་རྗེས་བདེ་སྲུང་ཨུ་ཡོན་གྱི་ལས་འགན་འཁུར་འགོ་ཚུགས་པ་དང་། ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་གྱི་གྲས་ཤིག་ཏུ་གྱུར། ཁོང་གིས་སྐབས་དེ་དུས་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཞན་པོ་ཡོད་རུང་། ཡར་ལངས་བདག་པོར་གྱུར་བས་སྣང་བ་ཧ་ཅང་སྐྱིད་པོ་ཡོད་ཅེས་མ་གསང་དྲང་པོར་བཤད།
            ད་ཆ་ལས་འཁྱུར་ངལ་གསོ་རྒྱག་པའི་བགྲེས་སོང་གཉིས་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད་པ་དང་། རྡོ་རྗེས“ད་ཆ་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་ལས་སེམས་ཁྲལ་གང་ཡང་མི་འདུག”ཅེས་བཤད་པ་དང་། གླུ་ལེན་གར་འཁྲབ་ལ་དགའ་བའི་ཁོང་གིས་ད་དུང་ས་གནས་དེ་གའི“རྒན་རྒོན་སྐོར་བྲོ་རུ་ཁག”ནང་ཞུགས་ཏེ་རྟག་ཏུ་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་འཁྲབ་སྟོན་དུ་སྐྱོད་པ་དང་། དཔེ་དེབ་ལྟ་བ་དང་མིག་མངས་རྩེད་རྒྱུར་དགའ་བའི་དཔལ་ལྡན་ལ་གཏམ་རྒྱུད་ཧ་ཅང་མང་པོ་ཡོད་སྟབས། རང་ཉིད་ཀྱི་དྲན་ཐོའི་དེབ་གཅིག་འདོན་རྩིས་ཡོད་པ་རེད།
            གངས་རིའི་འདབས་ཀྱི་ཁམ་བུའི་མེ་ཏོག་མཚར་སྡུག་རབ་ཏུ་བཀྲ རྡོ་རྗེ་དང་དཔལ་ལྡན་གྱི་བདེ་སྐྱིད་ལྡན་པའི་འཚོ་བའང་དེ་ལྟར་མཚར།
      

    ཕྱོགས་བསྡུས་གསར་འགྱུར།