འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་4ཚེས་1ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་དུ་ལམ་བར་བགྲོད་ཚད་འཇལ་བྱེད་དངོས་སུ་
    སྤྱོད་འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་གསལ་དུ། ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་སྲུང་ཏན་ཏིག་དང་། གཞུང་ལམ་འགྲིམ་འགྲུལ་གྱི་གོ་འཛོལ་དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་བྱེད་ཆེད། འགྲིམ་འགྲུལ་ཡན་ལག་རུ་ཁག་དེ་ཉིད་ཀྱིས་2017ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ། ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་སོགས་ཀྱི་ལམ་བར་བགྲོད་ཚད་འཇལ་གནས་96ཡོད་པ་ཚང་མ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན་ཞིང་། ཆུ་ཚོད་24རིང་ཁྲིམས་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་པར་ལེན་རྒྱུ་ཡིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་རྫོང་དྲུག་དང་ཁུལ་གཉིས་ཀྱི་ལམ་བར་བགྲོད་ཚད་འཇལ་གནས་96ཡོད་པ་ཚང་མ་བཀོལ་སྤྱོད་བྱས་རྗེས། ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ལམ་བུའི་ལམ་བར་བགྲོད་ཚད་འཇལ་བ་དང་ལམ་བར་རྐྱང་པའི་བགྲོད་ཚད་འཇལ་གནས་ཡོངས་སུ་ཁེབས་ཡོད་པ་རེད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་རྒྱ་ཆེའི་འགྲུལ་བཞུད་པ་ཚོར་ངེས་པར་དུ་འགྲིམ་འགྲུལ་སྒྲིག་ཁྲིམས་རྩིས་སྲུང་དང་བདེ་འཇགས་ངང་ནས་འགྲོ་སྐྱོད་དགོས་པའི་སྐུལ་བ་བཏོན་པ་རེད།
           གལ་སྲིད། ལམ་བར་བགྲོད་ཚད་ལས་བརྒལ་ནས་འགྲོ་སྐྱོད་བྱེད་མཁན་བྱུང་ན། འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ངེས་པར་དུ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཆད་པ་གཅོད་ཚད་ནི་གཤམ་གསལ་ལྟར་ཏེ། རླངས་འཁོར་ཆུང་གྲས་གྱིས་བགྲོད་བརྒལ་20%མན་བྱེད་མཁན་བྱུང་ན། སྐར་མ་3གཅོག་རྒྱུ་དང་། ཆད་པ་སྒོར་200གཅོད་རྒྱུ། རླངས་འཁོར་ཆུང་གྲས་བགྲོད་བརྒལ་20%ཡན་དང་50%མན་བྱེད་མཁན་བྱུང་བྱུང་ན། སྐར་མ་6གཅོག་རྒྱུ་དང་། ཆད་པ་སྒོར་200གཅོད་རྒྱུ། རླངས་འཁོར་ཆུང་གྲས་བགྲོད་བརྒལ་50%ཡན་བྱེད་མཁན་བྱུང་ན། སྐར་མ་12གཅོག་རྒྱུ་དང་། ཆད་པ་སྒོར་2000གཅོད་རྒྱུ་མ་ཟད། རླངས་འཁོར་ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།