འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་སྨན་ཁང་7གྱིས་ཤང་གྲོང་དབུལ་པོའི་འཕྲོད་བསྟེན་ཁང་15ལ་ཁ་
    གཏད་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན་བོད་ཀྱིས་ས་བབ་མཐོ་བ་དང་ཐག་རིང་གི་ས་ཁུལ་དང་ཤང་གྲོང་དབུལ་པོའི་འཕྲོད་བསྟེན་ཁང་ལ་གྲོང་ཁྱེར་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་བོད་ལྗོངས་སྨན་རྩིས་ཁང་སོགས་གྲོང་ཁྱེར་སྨན་བཅོས་སྒྲིག་གཞི་7གྱིས་ཆབ་སྲིད་བྱང་ཚད་མཐོ་བ་དང་། སྨན་པའི་ཀུན་སྤྱོད་བཟང་བ། ཆེད་ལས་ལག་རྩལ་བྱང་ཆུབ་པ། གཟུགས་གཞི་ཐང་བ་བཅས་ཀྱི་སྨན་དོན་མི་སྣ་བདམས་ཏེ་སྨན་བཅོས་རུ་ཁག་བཙུགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་རེད།
           གསར་འགོད་པར་ཤེས་རྟོགས་བྱུང་བར། ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྔོན་ལ་སྤེལ་མཁན་གྲོང་ཁྱེར་སྨན་བཅོས་རུ་ཁག་གིས་བོད་ལྗོངས་མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་རྫོང་9དང་ཆ་སྙོམས་ས་བབ་སྨི་4200ཡན་ཟིན་པའི་ཐག་རིང་གི་ཤང་གྲོང་དབུལ་པོའི་འཕྲོད་བསྟེན་ཁང་15རུ་བསྐྱོད་དེ། རོགས་སྐྱོར་བྱེད་མཁན་སྨན་བཅོས་སྒྲིག་གཞིས་ཆེད་ལས་སྨན་བཅོས་མི་སྣ་གསུམ་ནས་ལྔ་བར་མངགས་ཏེ་ལོ་ཕྱེད་ལས་མི་ཉུང་བ་བཅའ་སྡོད་བྱ་རྒྱུ་དང་། ཟླ་བ་གསུམ་པའི་ཟླ་མཇུག་གོང་རྩིས་སྤྲོད་རྩིས་ལེན་དང་མངགས་གཏོང་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་རེད།
          བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཝང་ཡུན་ཐིང་གིས་བོད་ཀྱི་གྲོང་ཁྱེར་སྨན་ཁང་གི་ལེགས་ཆ་འདོན་སྤེལ་དང་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱ་ཆེད། བོད་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཁ་གཏད་རོགས་སྐྱོར་བརྒྱུད་གྲོང་ཁྱེར་གྱི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཞིང་འབྲོག་ཁུལ་དུ་སྤྱོད་པར་ཁྲིད་སྟོན་དང་། “སྤེལ་རོགས་ཁྲིད་གསུམ”སོགས་བྱེད་སྟངས་བརྒྱུད་ཤང་གྲོང་སྨན་དོན་མི་སྣའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་དོ་དམ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ཚོས་ས་ཆ་དེ་རང་ནས་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། མགྱོགས་མྱུར་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད།
          གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ལུང་དཀར་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཟླ་བ་ཚེ་རིང་གིས། ང་ཚོའི་རྫོང་ས་བབ་སྨི་4600ལྷག་ཙམ་གྱི་ཡན་དུ་གནས་པའི་མཐའ་མཚམས་རྫོང་ཞིག་རེད། ཤང་འཕྲོད་བསྟེན་ཁང་གི་སྒྲིག་ཆས་ཅུང་ཆ་ཚང་རུང་སྨན་བཅོས་ཆུ་ཚད་མཐོ་པོ་མེད་པ་དང་སྨན་བཅོས་མི་སྣ་དཀོན་པས། མི་སེར་གྱི་སྨན་བཅོས་དགོས་མཁོ་སྐོང་ཐུབ་ཀྱི་མེད། “རོགས་སྐྱོར་ལས་དོན་སྤེལ་རྗེས་ང་ཚོའི་མིག་མདུན་གྱི་དཀའ་ངལ་རྦད་དེ་སེལ་ཐུབ་སོང”ཞེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་སྨན་ཁང་7གྱི་ཁ་གཏད་རོགས་སྐྱོར་གྱིས་ཤང་གྲོང་སྨན་ཁང་ལ“ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་ཞུ་ཡུལ”གྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ནས། ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་པ་དབུལ་པོ་གཙོ་གནད་གན་འཇོག་ཞབས་འདེགས་ཞུ་ཡུལ་དུ་བརྩི་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་གཙོ་གནད་གན་འཇོག་ནང་དོན་དུ་བརྩི་བ། ཁྱིམ་ཚང་སྨན་པའི་སྲོག་ཤིང་ནུས་པ་མངོན་གསལ་དོད་དུ་གཏོང་བ་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་ཞུ་ཚད་30%ཟིན་རྒྱུ་དང་གཙོ་གནད་མི་ཚོགས་ལ་ཁྱབ་ཚད་60%ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།