འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་དར་འོག་གི་འཚོ་བ་གསར་པ།

    —— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་དར་འོག་གི་འཚོ་བ་གསར་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་གྱི་སྔ་དྲོ། ལོ་70ལ་སླེབས་པའི་དོན་གྲུབ་རྒྱལ་པོ་ཞོགས་པ་སྔ་པོ་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡོང་སྟེ་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་3000ལྷག་ཙམ་དང་མཉམ་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས་པ་རེད།
         དོན་གྲུབ་རྒྱལ་པོའི་བློ་ངོར་ལོ་58གོང་རང་དང་རང་གི་ཁྱིམ་ཚང་དུས་དེ་ནས་ཞིང་བྲན་བདག་པོའི་གཉའ་གནོན་དང་བཤུ་གཞོག་འོག་ནས་ཐར་ཏེ་མི་ལུས་རང་དབང་ཐོབ་པ་ཤེས་སྐབས། ཁོང་གི་སེམས་པར་ཉི་འོད་ལྷམ་ལྷམ་འཕྲོ་བ་ཇི་བཞིན་དྲོ་སྐྱིད་ཀྱི་སྣང་བ་སྟེར།
         1959ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་ཤིང་། དུས་དེ་ནས་བཟུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཉིད་ཀྱི་ལས་དབང་རང་གིས་སྟངས་འཛིན་ཐུབ་པ་བྱུང་ཡོད།
         གནས་ཚུལ་དེ་དོན་གྲུབ་རྒྱལ་པོའི་ཕ་ཡུལ་ཏེ། ད་ལྟའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ལ་གྲགས་སྐབས། དེ་དུས་ལོ་12ལ་སོན་པའི་དོན་གྲུབ་རྒྱལ་པོ་སྤྲོ་བ་རབ་ཏུ་འཕེལ་རུང་སྨྲ་མི་ནུས་པར་བསྡད།
         “དེ་དུས་ཞིང་བྲན་བདག་པོས་འཁོན་ལན་སློག་པར་སྐྲག་སྟེ་བཤད་མ་ཕོད་ཀྱང་སེམས་ནང་དགའ་བ་སྐྱེས་པ་ནི་སྨོས་མི་དགོས། གང་ལགས་ཤེ་ན། ད་ནས་བཟུང་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་དེ་རིགས་སྐྱེལ་མི་དགོས་པས་ཡིན”ཞེས་དོན་གྲུབ་རྒྱལ་པོས་ཕྱིར་དྲན་བྱེད་བཞིན་དུ་བཤད། ཁོང་གིས“གུང་ཁྲན་ཏང་གིས་ང་ཚོར་འཚོ་བ་གསར་པ་སྦྱིན་པས་ངས་ནམ་ཡང་བརྗེད་མི་སྲིད”ཅེས་སྤྲོ་སྣང་ཆེན་པོས་བཤད།
         སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། ཚོགས་ར་ཡོངས་སྒམ་བརླིང་ངང་གནས་པ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་འཁྱེར་བའི་གཟབ་སྦྲེང་རུ་ཁག་ཐང་ཆེན་དུ་འོང་། མང་ཚོགས་3000ལྷག་གི་མིག་ཟུང་རྒྱལ་དར་ལ་རྩེ་གཅིག་ཏུ་ལྟ་བཞིན་འདུག་ལ། རྩེ་སྐོར་ལ་འགྲོ་མཁན་དག་གིས་ཀྱང་གོམ་པ་སྤོ་མཚམས་བཞག་ནས་ཀྲོང་ངེར་ལངས་ནས་གུས་ལུགས་མཚོན་པར་བྱས།
         རྒྱལ་གླུའི་ཁྲོད་རྒྱལ་དར་དལ་གྱིས་སྒྲེང་བ་མཐོང་སྐབས། དོན་གྲུབ་རྒྱལ་པོས་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཕུད་དེ་མཉམ་དུ་རྒྱལ་གླུ་བླངས།
         “ངས་སློབ་གྲྭའི་ནང་རྒྱལ་གླུ་ཐོག་མར་སྦྱངས་པ་ཡིན་ལ་རྒྱལ་དར་གྱིས་དོན་ཅི་བསྟན་པའང་ཐོག་མར་ཤེས་བྱུང”ཞེས་དོན་གྲུབ་རྒྱལ་པོས་བཤད། ཁོང་གིས་བཅིངས་འགྲོལ་ཐོབ་པའི་ལོ་གཉིས་པར་ཤང་ལ་དམངས་འཛུགས་སློབ་ཆུང་བཙུགས་ནས་ང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་བྱུང་། དེ་ནས་ཆེད་ལས་སློབ་ཆེན་བར་འགྲིམས་པས་མཐར་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་བྱེད་ཐུབ་པ་བྱུང་ཞེས་བཤད།
         “སྔོན་ཞིང་བྲན་བདག་པོས་ང་ཚོར་ལྟོ་གྲོད་པ་རྒྱགས་པ་མི་སྟེར་བ་མ་ཟད། དུད་འགྲོ་དང་མཉམ་དུ་སྡོད་དུ་བཅུག་པས་སློབ་གྲྭར་འགྲོ་རྒྱུ་ནི་ཉི་མོའི་སྨིན་ལམ་རེད”ཅེས་དོན་གྲུབ་རྒྱལ་པོས་མྱོང་ཚོར་ཟབ་མོས་བཤད།
         དོན་གྲུབ་རྒྱལ་པོའི་འཚོ་བའི་འགྱུར་ལྡོག་ནི་བོད་གསར་པར་བྱུང་བའི་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་ཡིན།
         དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་རྙིང་པར་མི་འབོར་5%ཡང་མ་ཟིན་པའི་མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་ཐོན་སྐྱེད་རྒྱུ་ཆ་95%ཡན་སྒེར་སྡེམ་བྱས་ཡོད་པ་དང་། ཞིང་བྲན་ལ་གདུག་རྩུབ་ཆེན་པོས་དཔལ་འབྱོར་གྱི་བཤུ་གཞོག་བཏང་ཞིང་སློབ་གསོ་དང་སྨན་བཅོས་སོགས་ཀྱི་གཞི་རྩའི་ཁེ་དབང་ནི་གླེང་ཐབས་བྲལ།
         གྲངས་གཞི་ལས་མངོན་པར། 2016ལོར་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེར་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་14བསྟུད་མར་འཕར་ཚད་10%ཡན་ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་མ་ཟད། བོད་ཀྱིས་རྒྱལ་ཡོངས་སུ་ལོ་15ཡི་སློབ་ཡོན་རྩ་ཆག་ལག་ལེན་སྔོན་ལ་བསྟར་བ་དང་། སྔོན་ལ་དྭ་ཕྲུག་གསོ་ཉར་དང་འདོད་མོས་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་ནས་ཆ་སྙོམས་ཚེ་ཚད་དུས་རབས་20པའི་ལོ་རབས་50དུས་ཀྱི་ལོ་35.5ནས་68.17བར་རིང་དུ་ཕྱིན་ཡོད།
         བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས“བོད་ལ་ད་ལྟ་བཞིན་གྱི་གསོན་ཤུགས་རྒྱས་པ་དང་མེ་ཏོག་མཉམ་བཞད་བྱུང་མྱོང་མེད་ལ། ད་ལྟ་བཞིན་གྱི་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ཆོད་སེམས་བཅངས་པ་ཡང་བྱུང་མྱོང་མེད”ཅེས་གསུངས།
         རྫོང་རྒྱབ་ཀླུ་ཁང་དུ་གྲོང་མི་ཚོས་ལུས་ལ་གཟབ་མཆོར་སྤྲས་ནས་གླུ་ལེན་གར་འཁྲབ་བྱེད་པ་དང་། ལྷོ་ཁའི་ཞིང་ཁུལ་གྱི་མུ་ཁར་ན་གཞོན་ཚོ་མཉམ་དུ་འདུས་ནས་གྲོང་ཚོའི་རྒད་པོའི་སྔོན་འདས་ཀྱི་སྐོར་ཉན་ནས་སྡུག་དྲན་སྐྱིད་བསམ་བྱེད་པ། ཉིང་ཁྲིའི་ཉང་ཆུའི་འགྲམ་དུ་《མེས་རྒྱལ་ལ་བསྟོད་གླུ་འབུལ་བ་》དང་《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་ཕུལ་》ཞེས་པའི་འགྱུར་ཁུག་སྙན་པོ་མི་རྣམས་ཀྱིས་ལེན་བཞིན་མཆིས།
         2009ལོའི་ཟླ་1ཚེས་19ཉིན་བོད་རང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས།
         ནམ་མཁའ་གཡའ་དག་པའི་འོག ཐང་ཆེན་དུ་ལྷབ་ལྷུབ་གཡོ་བའི་སྐར་ལྔའི་དར་དམར་ལ་ལྟ་བཞིན་དུ་བགྲེས་སོང་དོན་གྲུབ་རྒྱལ་པོས“རྒྱལ་དར་མཐོང་རིམ་བཞིན་ང་ལ་སྙིང་ཉེ་བའི་ཚོར་བ་ཞིག་སྦྱིན་གྱི་འདུག སྐར་ལྔའི་དར་དམར་ནམ་ཡང་མཐོན་པོར་གཡོ་གྱུར་ཅིག”ཅེས་་བཤད།
      

    ཕྱོགས་བསྡུས་གསར་འགྱུར།