འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་58གོང་གི་1959ལོའི་ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཏང་གནང་ནས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས། ལོ་རྒྱུས་ཀྱི་ཁ་ལོ་སྒྱུར་མཁན་གྱིས་གངས་ལྗོངས་ས་མཐོའི་ཁ་ཕྱོགས་རྦད་དེ་སྒྱུར་བ་དང་ཆབས་ཅིག ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ཁྲི་ཚོ་བརྒྱ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་བདག་པོར་གྱུར་ནས་འོད་སྟོང་འཕྲོ་བའི་འདུན་ལམ་ལྡན་པ་དང་རེ་བས་ཁེངས་པར་གྱུར།
         ལོ་ངོ་སྟོང་ཕྲག་འགའི་རིང་ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་གཅིག་གྱུར་ལ་རེ་སྨོན་བྱས་པ་དེ“གནམ་སའི་བར་གྱི་འགྱུར་མེད་གཏན་ཚིགས་དང་། གནའ་དེང་ག་དུས་ཡིན་རུང་ལྡོག་ཏུ་མེད་པའི་གནས་ལུགས་ཡིན” རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་མི་རིགས་མཐུན་སྒྲིལ་དང་མི་རིགས་ལས་དོན་ལ་མཐོང་ཆེན་པོ་བྱས་པ་དང་འབྲེལ། མི་རིགས་འདྲ་མཉམ་ཡོང་རྒྱུ་རྒྱལ་ཁབ་འཛུགས་པའི་གཞི་རྩའི་རྩ་དོན་ལ་འཛིན་གྱི་ཡོད།
         1959ལོའི་ཟླ་4ཚེས་18ནས་28ཉིན་བར་བོད་ལྗོངས་ཚུད་པའི་རྒྱལ་ཡོངས་ཀྱི་འཐུས་མི་ཆིག་སྟོང་ལྷག་ཙམ་རྒྱལ་ས་པེ་ཅིང་དུ་འཛོམས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པ་རེད། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“བོད་དུ་མི་རིགས་ས་ཁོངས་རང་སྐྱོང་མྱུར་དུ་མངོན་འགྱུར་ཐུབ་པ་དང་དམངས་གཙོ་བཅོས་སྒྱུར་རིམ་བཞིན་བྱེད་དགོས”ཞེས་གསུངས་པ་དེར་བོད་ཀྱི་རྒྱ་ཆེའི་རྒྱལ་གཅེས་གྲྭ་བཙུན་དང་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། དེ་ནི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་སྲིད་ཇུས་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་ཞིག་ཀྱང་རེད།
         ཚོགས་ཆེན་ཐོག་བོད་ཀྱི་གནད་དོན་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང“བོད་དུ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེའི་དཔོན་དམག་ཡོངས་དང་བོད་དུ་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་དང་དེ་མིན་གྱི་མི་རིགས་ལས་དོན་པ་ཚང་མས་ངེས་པར་དུ་བོད་རིགས་མི་དམངས་དང་མཛའ་གཅུགས་ལྡན་པའི་གཅེན་གཅུང་ལྟ་བུའི་འབྲེལ་བ་འཛུགས་དགོས་པ་དང་དཀའ་ཚེགས་ཆེན་པོས་ལས་དོན་སྒྲུབ་པ་དང་བློ་སྟོབས་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ནས་བོད་མི་དམངས་ཀྱི་ཁེ་ཕན་དོན་དུ་ཞབས་འདེགས་ཞུ་དགོས” “མི་རིགས་ཁག་གི་ངལ་རྩོལ་མི་དམངས་དབར་གྱི་གཅེན་གཅུང་ལྟ་བུའི་མཐུན་སྒྲིལ་དང་ཕན་ཚུན་རོགས་རེས་ལ་བརྟེན་ནས་དར་རྒྱས་མངའ་ཐང་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་མཛད་ཕྱོགས་ཤིག་རེད”ཅེས་འཁོད་ཡོད་པ་རེད།
         ས་མཐོའི་ས་གཞི་ཆེ་མོའི་ཐོག་གསར་བརྗེའི་སྔོན་བྱོན་པ་ཚོས་དཀའ་ངལ་ཁྱད་བསད་ཀྱིས་བྱ་གཞག་གསར་གཏོད་བྱེད་པ་དང“མཐུན་སྒྲིལ་ལྷག་པར་ཐུབ་པ”དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནང་དོན་དུ་བཀོད་ཡོད། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་58སོང་རིང་བོད་དུ་འབད་འབུངས་ལྷོད་མེད་བྱེད་མཁན་གུང་ཁྲན་ཏང་མི་དང་མི་རིགས་ཁག་གི་མི་དམངས་ཚོས་མི་རིགས་མཐུན་སྒྲིལ་ནི་སྲོག་རྩར་འཛིན་ནས་ལག་ལེན་དང་། རྒྱུན་འཛིན། དར་སྤེལ་བཅས་མཐའ་གཅིག་ཏུ་བྱས་པས། བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
         ཉེན་ཁ་ཆེ་བའི་སྐབས་སུ་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་མངོན་ཞིང་། ནེ་པ་ལའི“4·25”ཡི་ས་ཡོམ་དང་ཡོམ་འཕྲོའི་ཤུགས་རྐྱེན་འོག་གཞིས་རྩེའི་གཉའ་ནང་དང་། སྐྱིད་གྲོང་། དིང་རི་སོགས་ཀྱི་ས་ཁུལ་དུ་གེགས་བར་ཆེན་པོ་བྱུང་ཡོད། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་གེགས་བར་དེ་བཀའ་རྒྱར་བརྩིས་ནས་བྱ་སྤྱོད་འཕྲལ་མར་སྤེལ་བ་དང་སེམས་མཐུན་སྟོབས་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་གེགས་འགོག་གེགས་སེལ་བྱས་པ་རེད།
         གོད་ཆག་གི་གནས་སུ་ལྷུང་ཚེ་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་རུ་ཁག བཅའ་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱིས་དམག་དམངས་ཀྱི་དབྱེ་བ་དང་མི་རིགས་ཀྱི་དབྱེ་བ་མ་ཕྱེ་བར་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མཐུན་སྒྲིལ་རོགས་རེས་དང་ཤི་གསོན་མཉམ་གནས་ཀྱི་བརྗིད་ཆེའི་ལེའུ་ཐུན་མོང་ཐོག་བརྩམས་པ་རེད།
         གྲུ་རླུང་གཡོར་བརྟེན་ནས་ཁ་ལོ་སྒྱུར་དགོས་པ་དང་མི་སྙིང་སྟོབས་ལ་བརྟེན་ནས་མདུན་དུ་སྐྱོད་དགོས། མི་རིགས་མཐུན་སྒྲིལ་ཡོང་དགོས་ན་མི་རིགས་ཕན་ཚུན་སེམས་པ་བསྟན་རེས་བྱས་ནས་རང་སར་གཞན་འཇོག་པ་དང་གཞན་སར་རང་འཇོག་དགོས། དམངས་འཚོ་ལེགས་སུ་གཏོང་ཆེད་བོད་དུ་གྲོང་ཚོར་བཅའ་སྡོད་ལས་དོན་ཁག་དྲུག་བར་སྤེལ་ཡོད། ད་ཆ་ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་གྱིས་གཞི་རིམ་གྱི་འཐབ་ས་དང་པོར་མང་ཚོགས་དང་མཉམ་ཟ་མཉམ་བཏུང་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱེད་པའི་ཐོག ཁྱིམ་ཚང་གི་གནས་ཚུལ་ཕན་ཚུན་ཤོས་རེས་བྱེད་པ་དང་། ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རོགས་བྱེད་པ། བྱ་བ་དངོས་དང་དཀའ་གནད་སེལ་རོགས་བཅས་བྱས་ནས་མང་ཚོགས་དང་འབྲེལ་བ་ཟབ་མོ་བཙུགས་ཡོད་ལ་མི་རིགས་མཐུན་སྒྲིལ་གྱི་མང་ཚོགས་ཀྱི་རྨང་གཞི་ཡང་བརྟན་དུ་བཏང་ཡོད།
         རྒྱལ་ཡོངས་ཀྱི་བོད་སྐྱོར་ཀྱིས་མི་རིགས་མཐུན་སྒྲིལ་གྱི་བརྗིད་ཆེའི་རྡོ་རིང་བཙུགས་ཤིང་། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཆེན་པོ་ཐོབ་ནས་སྔར་སོང་གི་ལོ་ཟླའི་ནང“བསམ་ཡུལ་ལས་འདས་པའི”བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། བོད་སྐྱོར་ལས་བྱེད་པ་ཁག་གིས“གཞན་ཡུལ་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་བ་དང་མང་ཚོགས་གཉེན་ཉེ་ལྟ་བུར་བརྩིས་ཏེ”འགན་འཁྲིའི་བསམ་པ་འཁྱེར་ནས་བོད་སྐྱོར་གྱི་ལོ་རྒྱུས་བཏོད་པ་དང་ལྷད་མེད་ཀྱི་བསམ་པས་ཀྲུང་དབྱང་གི་འབོད་སྐུལ་དོན་འཁྱོལ་བྱས་པ་དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་བརྩེ་བ་ཟབ་པའི་གསོན་ཉམས་དོད་པའི་འཚོ་བའི་མཚོན་ཚུལ་ཞིག་རེད།
         ལོ་58སོང་རྗེས་ཀྱི་དེ་རིང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་གྲབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་སྐྱོད་ཚེ། མདུན་ལམ་དེ་བས་འོད་ཟེར་སྟོང་ལྡན་པ་དང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།