འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ནེའུ་ཙི་ལན་གྱི་སྲིད་ཕྱོགས་མི་སྣ་གཙོ་གྲས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྐུལ་
    གཏོང་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། ནེའུ་ཙི་ལན་གྱི་སྲིད་འཛིན་ཏང་ནེའུ་ཙི་ལན་རྒྱལ་ཁབ་ཏང་གི་ཀྲུའུ་ཞི་པི་ཏེ་·ཀུའུ་ཏེ་ཧྥེ་ལུའོ་དང་ཕྱི་ཁོངས་ཀྲུང་གོ་བ་ཡིན་པའི་གྲོས་མི་དབྱང་ཅན་སོགས་མི་28ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྐུལ་གཏོང་ལམ་སྲོལ་ཐུན་མོང་ཐོག་འཛུགས་རྒྱུའི་གྲོས་འགོ་བཏོན་པ་ཡོངས་བསྒྲགས་བྱས་པ་རེད།
         དབྱང་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “རྒྱ་མཚོ་ཆེ་མོ་གླིང་གི‘རྒྱུད་གཅིག་ལམ་གཅིག’གི་སྐུལ་གཏོང་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་ནི་ནེའུ་ཙི་ལན་སོགས་རྒྱ་མཚོ་ཆེ་མོ་གླིང་གི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པར་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་བཏོན་པའི་མཉམ་གྲོས་དང་། མཉམ་བསྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་དེ་རིན་ཐང་ལྟ་བ་དང་མཉམ་ལས་བྱེད་སྟངས་སུ་བྱས་ནས་ནེའུ་ཙི་ལན་སོགས་རྒྱ་མཚོ་ཆེ་མོ་གླིང་གི་རྒྱལ་ཁབ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་སྲིད་ཕྱོགས་མི་སྣ་གཙོ་གྲས་དང་། ཚོང་ལས་པ། མཁས་དབང་། སྤྱི་ཚོགས་ཀྱི་འཇོན་ཐང་ཅན་བཅས་སྐུལ་སློང་བྱས་ཏེ་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་དྲ་རྒྱའི་མ་ལག་གཅིག་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལམ་སྲོལ་དེར་ནུས་ཆེའི་ཐོན་ཁུངས་བསྡུ་སྒྲིལ་དང་སྦྲེལ་མཐུད་ཀྱི་ནུས་པ་ལྡན་ཡོད་པས“རྒྱུད་གཅིག་ལམ་གཅིག”གི་འདུ་ཤེས་དང་རམ་འདེགས་ལ་བརྟེན་ནས་བྱེད་སྟངས་གསར་གཏོད་དང་ལམ་སྲོལ་མཉམ་འགུལ་བརྒྱུད་དེ་སྒྲིག་གཞི་དང་མི་སྒེར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རིང་ཚོང་གི་གོ་སྐབས་འཚོལ་བ་དང་། མཉམ་ལས་གྲོས་མོལ། ཤེས་བྱ་སྦྱོང་བ། ལས་སྟེགས་འཚོལ་བ་སོགས་ཐད་ཀྱི་དགོས་མཁོ་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ་རེད།
         དེ་གོང་ངོ་རྒོལ་ཏང་ཆེ་ཤོས་ནེའུ་ཙི་ལན་གྱི་བཟོ་པའི་ཏང་གི་ཕྱི་ཁོངས་ཀྲུང་གོ་བ་ཡིན་པའི་གྲོས་མི་ཧོ་ཅན་ཆང་གིས་ཚེས་21ཉིན་ནེའུ་ཙི་ལན་གྱི“རྒྱུད་གཅིག་ལམ་གཅིག”གི་ཇུས་འདོན་ཚོགས་པ་དང་ཐེབས་རྩ་ཚོགས་པ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་དབར་མ་འཇོག་དང་མ་རྩ་མཉམ་བསྡུའི་ཐབས་ལམ་སྔར་བས་གཏོད་རྒྱུའི་རེ་བ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ཧོ་ཅན་ཆང་གིས་སྒྲིག་གཞི་དེ་གཉིས་པོ་འཛུགས་རྒྱུའི་ཐོག་མའི་དམིགས་ཡུལ་སྐོར་གླེང་སྐབས་ནེའུ་ཙི་ལན་གྱི་རྒྱལ་ཚོགས་དང་ཨའོ་ཁེ་ལན་ས་གནས་སྲིད་གཞུང་བརྒྱུད་དེ་ལུགས་མཐུན་གྱི་ཐབས་ལམ་ཞིག་བཙལ་ནས“རྒྱུད་གཅིག་ལམ་གཅིག”གི་གོ་དོན་དང་ཐོན་ཁུངས་ནེའུ་ཙི་ལན་དུ་ནང་འདྲེན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།