འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་འདི་ལོ་དམངས་འཚོར་སྒོར་དུང་ཕྱུར་300གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་27ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་བོད་ཀྱིས་རྒྱུན་མཐུད་ངང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་འཚོར་རྒྱབ་སྐྱོར་བྱས་པ་དང་འདི་ལོ་སྒོར་དུང་ཕྱུར་300བཏང་ནས་དམངས་འཚོའི་སྲིད་ཇུས་ཁག་33ལག་ལེན་བསྟར་ཏེ་གཞི་རིམ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ་དང་དུས་མཚུངས་དམངས་འཚོ་འགན་ལེན་དང་ལེགས་སུ་ཧུར་ཐག་གཏོང་རྩིས་ཡོད་པ་རེད།
         གསར་འགོད་པས་ཉེ་ཆར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ས་ཆ་དེ་གས་ཕྱོགས་མང་པོའི་ཐད་ནས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་བར་མ་དངུལ་སྒོར་དུང་ཕྱུར་150ཙམ་སྤྱོད་རྒྱུ་ཡིན་པ་དེའི་ནང་མ་དངུལ་སྒོར་དུང་ཕྱུར་88.26བསྡུ་སྒྲིལ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
         འདི་ལོ་བོད་ཀྱིས་ད་དུང་མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་མཐའ་མཚམས་ས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར་60བསྡུ་སྒྲིལ་བྱས་ནས་མཐའ་མཚམས་འཕེལ་རྒྱས་ཁྲོད་གཏོང་རྒྱུ་རེད།
         དུས་མཚུངས་མཐའ་མཚམས་ཀྱི་མཐའ་ཐིག་དང་པོ་དང་གཉིས་པའི་ཤང་གྲོང་གི་མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་སྐྱོར་ཚད་གཞི་མི་རེར་སྒོར་1700དང་1500ནས་སྒོར་2700དང་2500བར་སོ་སོར་མཐོ་རུ་གཏོང་རྒྱུ་རེད།
         རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ་དང་དུས་མཚུངས་ད་དུང་སྲིད་གཞུང་གི་མཐའ་སྐྱོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། “འདི་ལོ་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མི་རེར་ཟླ་རེར་སྒོར་640དང་སྒོར་2550ནས་སྒོར་700དང་3311བར་སོ་སོར་མཐོ་རུ་གཏོང་རྒྱུ་དང་། འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཁ་གསབ་རོགས་སྐྱོར་ཚད་གཞི་མི་རེར་ལོ་རེར་ཆ་སྙོམས་སྒོར་4740ནས་སྒོར་4940བར་མཐོ་རུ་གཏོང་རྒྱུ་རེད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཅང་གོ་ཅེས་བརྗོད་པ་དང་། སྲིད་ཇུས་དེ་དག་ལས་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་རིམ་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་(སྨན་བཅོས་འགན་ལེན་)གྲོང་ཚོ་རིམ་པའི་རྩ་འཛུགས་སོགས་ཚང་མའི་ནོར་སྲིད་ཁ་གསབ་རོགས་སྐྱོར་གྱི་ཚད་གཞི་མཐོ་རུ་བཏང་བ་རེད།
         ད་ཕན་ལོ་བཞིའི་ནང་བོད་ཀྱིས་ལོ་ལྟར་མ་དངུལ་70%ཡན་དམངས་འཚོར་བཏང་ནས་ལོ་15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དོ་སྙོམས་ཅན་བཅས་སྔོན་ལ་མངོན་འགྱུར་ཐུབ་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།